R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༡༦༦ན
[A:༡༦༦ན]མཐོང་བས། དད་བརྩོན་མཆོག་དང་ལྡན་པ་ཤེས་རབ་རྡོ་རྗེ་དེ་ཡིད་རང་དབང་མེད་པར་དད་ནས་གྲོགས་རྣམས་དེར་ཚ་བ་བྱེད་པར་བརྩམས་ཀྱང་ཁོང་གིས་མྱུར་བ་མྱུར་བར་ཆོས་རྗེའི་དྲུང་དུ་བརྒྱུགས་ཏེ་སྒོ་དྲུང་དུ་སླེབས་པ་ན་ཕྱག་རྟེན་འབུལ་རྒྱུ་ཅིག་བསམ་པས་ཚོང་བྱ་རྒྱུའི་མཎྜལ་ཅིག་ཡོད་པ་དྲན་ནས་དེ་ལག་ཏུ་ཐོགས་པ་ན་མཎྜལ་གྱི་རྒྱན་གཞན་ནི་མེད་ང་རང་གི་ལག་པའི་སོར་མོ་ལྔ་བཅད་དེ་མཐོ་བོང་ལ་རི་བོ་མཆོག་རབ། གཞན་བཞི་ལ་གླིང་བཞི་བྱས་ལ་འབུལ་སྙམ་ནས་རྡོ་མཁྲེགས་པ་ཅིག་ཀྱང་ལག་ཏུ་ཁྱེར་ནས། ཆོས་རྗེ་པའི་སྐུ་མདུན་དུ་སླེབས་པའི་མོད་མཎྜལ་མདུན་དུ་བཞག་སྟེ། ལག་པ་གཡས་པས་རྡོ་དེ་བཟུང་ནས་ཐེ་ཚོམ་མེད་པར་ལག་པ་གཡོན་པའི་སོར་མོ་ལ་བསྣུན་པས་གུང་མཛུབ་གཉིས་ཆད། གཞན་རྣམས་མ་ཆད་པ་ཙམ་དུ་གྱུར་ཀྱང་། ཁོང་རང་ཡིད་དགའ་སྤྲོ་དང་བཅས་པ་མ་གཏོགས་སྡུག་བསྔལ་ཅིག་ཀྱང་མ་བྱུང་བ་ན། ཆོས་རྗེ་ཉིད་རྟབ་རྟབ་པོར་གྱུར་ཏེ་ཕྱག་ཕྱིས་ཀྱི་དར་ཁ་གང་གིས་སེར་མོ་རྣམས་དཀྲིས། ཞལ་ཆབ་མང་པོ་བཏབ་ཅིང་བཞག་སྟེ། དེའི་ནུབ་མོ་ནཱ་རོ་མཁའ་སྤྱོད་ཀྱི་བྱིན་རླབས་གཅིག་གནང་བས། ཞག་གཅིག་གཉིས་ནས་སོར་མོ་རྣམས་རྨ་རྗེས་མེད་པར་སོས་ཏེ། དེ་ནས་དགེ་བཤེས་ཤེས་རབ་རྡོ་རྗེ་དེ་ལ་དག་པའི་སྣང་བ་དང་བྱིན་རླབས་ནུས་པ་དང་ལྡན་པ་བྱུང་ཞིང་། མི་ཕྱེད་པའི་དད་པ་བརྟན་པོ་ཐོབ་སྟེ། མདོར་ན་དེ་དག་ལ་སོགས་པ་ཆོས་ཀྱི་སྣོད་དང་ལྡན་པ་དཔག་ཏུ་མེད་པ་ལ་ཟབ་དབྱངས་ཆོས་ཀྱི་འཁོར་ལོ་རྒྱུན་མི་ཆད་པ་བསྐོར་བས་སྙན་པའི་གྲགས་པ་ཕྱོགས་ཀུན་དུ་ཁྱབ་པར་གྱུར་ཏེ། ཕྱི་རོལ་པའི་བྲམ་ཟེའི་རིགས་ཀྱི་པཎྜི་ཏ་ཆེན་པོ་