R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༡༦༥བ
[A:༡༦༥བ]གསུང་རབ་ཀྱི་མཛོད་འཛིན་པའི་སྐྱེས་ཆེན་ཁྱད་པར་ཅན་དུ་མ་ཞིག་གིས་ཐོག་དྲངས་པའི་སྡོམ་བརྩོན་སྡེ་སྣོད་འཛིན་པ་གཙང་ཕྱོགས་ཀྱི་ས་ཆ་ན་ཡོད་པ་ཕལ་ཆེ་བ་ཞིག་འདུས་ནས། ཟླ་བ་བཞི་ཙམ་གྱི་བར་དུ་དཔལ་དུས་ཀྱི་འཁོར་ལོའི་རྒྱུད་འགྲེལ་གྱི་བཤད་བཀའ་ལ་སོགས་པ་ཆོས་ཀྱི་རྣམ་གྲངས་མཐའ་ཡས་པ་ཞིག་གསུངས་པས། གཙང་ཕྱོགས་ཀྱི་དུས་འཁོར་གྱི་འཆད་ཉན་གཅིག་ལ་དེ་རང་སྡེ་སྣོད་འཛིན་པའི་མཁས་པ་འདུས་པ་མང་བར་ཡང་གྲགས་ཤིང་། གཞན་ཡང་བདག་ཉིད་ཆེན་པོ་འདིས་ཉན་པོ་དགོན་པར་ཕ་རོལ་ཏུ་ཕྱིན་པའི་ཆོས་ཀྱི་ཚུལ་མང་པོ་ཞིག་གསུངས་པས། དེའི་སྔ་རོལ་ཞག་འགའ་ན་འཕེན་ཡུལ་གྱི་གྲོ་ས་ཀུན་མཁྱེན་ཞེས་པ་ཕ་དམ་པ་དང་། ཤ་ཝ་རི་དབང་ཕྱུག་ལ་སོགས་པ་ཞལ་གཟིགས་ཤིང་གསུང་གླེང་ཡོད་པ། སྒྲུབ་པ་རྩེ་གཅིག་ཏུ་མཛད་པའི་མཁས་གྲུབ་ཆེན་པོ་ཞིག་བཞུགས་པའི་ཏིང་ངེ་འཛིན་གྱི་སྣང་བ་ལ་ཉན་པོ་དགོན་པ་ན་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་འཁོར་མང་པོ་ལ་ཆོས་གསུང་གིན་འདུག་པ་ཅིག་བྱུང་བས། དེ་ནས་ཞག་ཁ་ཅིག་འདས་པ་ན་བདག་ཉིད་ཆེན་པོ་འདིས་དེར་ཕར་ཕྱིན་གསུངས་པ་དེ་བྱུང་བས། མཁས་གྲུབ་ཆེན་པོ་དེ་ཡང་རྫོགས་པའི་སངས་རྒྱས་ཀྱིས་ཆོས་གསུངས་པ་དང་ཆོས་རྗེ་འདིས་ཆོས་ཀྱི་འཁོར་ལོ་བསྐོར་བ་གཉིས་ཁྱད་པར་མེད་པ་ལྟ་བུའི་དད་པ་སྐྱེས་ཞེས་གྲགས་ཤིང་། དེའི་དུས་སུ་སྟོད་ལུང་ནས་དགེ་བཤེས་ཤེས་རབ་རྡོ་རྗེ་བྱ་བས་གྲོགས་པོ་མང་པོ་དང་བཅས་པ་ཆོས་རྗེའི་དྲུང་དུ་མཇལ་དུ་འོང་བས། ཆོས་རྗེ་ཉན་པོའི་ཆོས་ཁྲིའི་སྟེང་ན་བཞུགས་པས། རྒྱང་རིང་པོ་ནས་འཇམ་པའི་དབྱངས་ཉིད་འོད་ཟེར་དང་བཅས་ནས་ཆོས་གསུངས་པ་མངོན་སུམ་དུ་