R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༡༥༥བ
[A:༡༥༥བ]ཆེས་ཆེར་གསལ་བར་མཛད་པའི་སྙན་པའི་གྲགས་པ་ལྷ་རྣམས་ཀྱིས་ཕྱོགས་ཀུན་དུ་བསྒྲགས་པས་སའི་བདག་པོ་ཆེན་པོའི་ལུང་བཟང་པོ་ཡང་ཕེབས། ཏ་དབེན་གུ་ཤྲཱིའི་མཚན་དང་ཤེལ་གྱི་དམ་ཁ་རྣམས་གནང་ནས་བསྟན་པའི་བདག་པོར་མངའ་གསོལ་ཏེ། མདོར་ན་བླ་མ་འདིའི་རྣམ་པར་ཐར་པ་ནི་འཇམ་དཔལ་གྱི་ཞིང་གི་བཀོད་པ་ནས་བཤད་པ་བཞིན་དང་། མདོ་སྡེ་རྣམས་ཀྱི་ཞུ་བ་པོ་དང་། འཁོར་དང་སྡུད་པ་པོ་འཇམ་དཔལ་གྲགས་པའི་མཛད་ཚུལ་བསམ་གྱིས་མི་ཁྱབ་པ་རྣམས་ཀྱང་བླ་མ་འདིའི་རྣམ་པར་ཐར་པ་དང་མཚུངས་པ་ཡིན་ནོ་ཞེས་གྲགས་སོ། །དེ་ལྟར་བསྟན་པ་དང་འགྲོ་བའི་དོན་རྒྱ་ཆེན་པོ་ཞིག་མཛད་ནས། དགུང་ལོ་སུམ་ཅུ་སོ་ལྔ་བཞེས་པ་ཤིང་ཕོ་སྤྲེའུའི་ལོ་ཟླ་བ་ལྔ་བའི་ཚེས་བཅུ་གཅིག་ལ་རིན་ཆེན་སྒང་བླ་བྲང་གི་གཟིམ་ཁང་གོང་མར་སྐུ་གཤེགས་ནས། པུར་བཞུ་བའི་དུས་སུ་དུ་གསེབ་ནས་འཇམ་དབྱངས་སྨྲ་བའི་སེང་གེའི་རྣམ་པར་བྱས་ནས་བར་སྣང་ལ་བྱོན་པ་ཡང་ལས་དག་པ་འགའ་ཞིག་གིས་མཐོང་ཞེས་གྲགས་ལ། བླ་མ་དམ་པ་བསོད་ནམས་རྒྱལ་མཚན། བླ་མ་འདིའི་གཅུང་ནི་དཔལ་ལྡན་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་དཔལ་བཟང་པོ་ཞེས་གྲགས་པ་དེ་ཉིད་ཡིན་ཏེ། འདི་ནི་བདག་ཉིད་ཆེན་པོ་ལྔ་བཅུ་རྩ་གཅིག་བཞེས་པ་ཆུ་ཕོ་བྱི་བའི་ལོ་ལ་ཞ་ལུ་ཁང་གསར་དུ་འཁྲུངས་ཤིང་། ངོ་མཚར་བའི་རྣམ་པར་ཐར་པ་ནི་བསམ་གྱིས་མི་ཁྱབ་ཅིང་། ས་ལ་གནས་པའི་བྱང་ཆུབ་སེམས་དཔའི་ཡེ་ཤེས་ཀྱིས་ཀྱང་དཔག་པར་དཀའ་བ་ཞིག་མངའ་བ་ཡིན་ཏེ། དེ་ཡང་དང་པོ་ལྷུམས་སུ་འཇུག་པའི་དུས་སུ་ཡུམ་གྱི་རྨི་ལྟས་ལ་ཉི་མའི་དཀྱིལ་འཁོར་ལྟོ་བར་བཞུགས་པའི་སྣང་བ་དང་། གཡས་རུ་གཙང་པོ་འཐུངས་པ་ལ་སོགས་པ་རྨིས་