[A:༡༥༥ན]ཆོད་པར་མཛད་ནས། གཞན་ལ་འཆད་པ་དང་། རྩོད་པ་དང་། རྩོམ་པ་དང་། རང་དོན་དུ་བསྒོམ་པ་ལ་སོགས་པ་བསྟན་པའི་བྱ་བ་ཁོ་ནས་དུས་འདའ་བ་སྟེ། དེའི་སྐབས་སུ་གཞི་ཐོག་པ་མཁས་བཙུན་ཆེན་པོ་དེ་གཞི་ཐོག་གི་གདན་སར་བཞུགས་ཡོད་པ་ན། བླ་མ་འདི་ལ་ཞལ་ཏ་མཛད་ནས་བླ་མ་འདིས་ཚོགས་ཆེན་པོར་རྣམ་འགྲེལ། རིགས་གཏེར། མངོན་པ་གོང་འོག མདོ་སྡེ་རྒྱན། སྤྱོད་འཇུག ཐུབ་པ་དགོངས་གསལ་ལ་སོགས་པ་གསུངས་ཏེ་ཉིན་རེ་བཞིན་དུང་ཐེང་བདུན་བདུན་བུས་ནས། ཆོས་ཐུན་བདུན་བདུན་དང་། གཞན་ཡང་གང་ལ་གང་དགོས་ཀྱི་ཆོས་ཀྱི་སྦྱིན་པ་རྒྱ་ཆེན་པོ་མཛད་ནས་རྒྱལ་བའི་བསྟན་པ་ཉིན་མོ་ལྟར་ཆེས་ཆེར་གསལ་བར་མཛད་པས་ཀུན་ལ་འཇམ་པའི་དབྱངས་ཞེས་གྲགས་ཤིང་། ཟང་ཟིང་གི་སྦྱིན་པ་ཡང་ལོངས་སྤྱོད་ཀྱི་དངོས་པོ་ཅི་བྱུང་བ་ཐམས་ཅད་ཀྱང་དཀོན་མཆོག་མཆོད་པ་དང་། དགེ་འདུན་གྱི་སྡེ་འཛུགས་པ། བསྟན་བཅོས་འགྱུར་རོ་ཅོག་བཞེངས་པ་དང་། གཞན་ཡང་སྐྱེ་བོ་སྡུག་ཕོངས་རྣམས་ལ་སྦྱིན་གཏོང་ལ་སོགས་པ་གཞན་གྱི་ཆེད་ཁོ་ན་མ་གཏོགས་རང་དོན་དུ་འཛིན་ཆགས་ཅུང་ཟད་ཀྱང་མི་མངའ་ཞིང་། གཞན་ཡང་ཁ་བ་ཅན་གྱི་སྐྱེ་དགུ་རྣམས་ཀྱི་བདེ་སྐྱིད་འབྱུང་བའི་སྒོ་གཅིག་པོ་ནི་རྗེ་བཙུན་ས་སྐྱ་པའི་གདུང་བརྒྱུད་རིན་པོ་ཆེ་འདི་ཉིད་ཡིན་པས་འདི་ཉིད་ཀྱང་རྒྱུན་མི་ཆད་པར་འབྱུང་བའི་ཕྱིར་རིགས་ཀྱི་སྲས་འགའ་ཞིག་ཀྱང་བསྐྲུན་པར་མཛད་དེ། ཕྱིས་སུ་མཁན་ཆེན་བསོད་ནམས་གྲགས་པའི་དྲུང་དུ་གཅུང་དང་ལྷན་ཅིག་བོ་དོང་བྱ་རྒོད་གཤོང་དུ་རབ་བྱུང་བསྙེན་རྫོགས་མཛད། དེ་ལྟར་ལུགས་གཉིས་ཀྱི་སྒོ་ནས་རྒྱལ་བའི་བསྟན་པ་