R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༡༤༧བ
[A:༡༤༧བ]དུ་མ་གསན་པ་དང་། ཁྱད་པར་བསྟན་པ་ལ་ཞུགས་ལ་ཡོངས་སུ་རྫོགས་པ་དགེ་སློང་གི་དངོས་པོའམ་བསྙེན་པར་རྫོགས་པའི་སྡོམ་པས་ཐུགས་རྒྱུད་ཕྱུག་པར་བྱ་བའི་ཕྱིར། དགུང་ལོ་ཉེར་བཞི་པ་ཆུ་ཕོ་ཁྱིའི་ལོ་བོད་དུ་བྱོན་ཏེ། ལམ་བར་རྣམས་སུ་ཡང་གདུལ་བྱ་དཔག་ཏུ་མེད་པ་སྨིན་པར་མཛད་ཅིང་། དེ་ཚེ་ཉིད་ཀྱི་ཕྱག་ཏུ་ལོངས་སྤྱོད་ཀྱི་དངོས་པོ་བསམ་གྱིས་མི་ཁྱབ་པ་བྱུང་བ་ཐམས་ཅད་ཀྱང་། བདེ་བར་གཤེགས་པའི་བཀའ་འགྱུར་མཚལ་གསེར་ལས་བཞེངས་པ་དང་། རྒྱ་གར་གྱི་མཁས་གྲུབ་བསམ་གྱིས་མི་ཁྱབ་པ་བྱོན་པ་རྣམས་ཀྱིས་བསྟན་བཅོས་ཇི་སྙེད་བོད་དུ་འགྱུར་བ་ཀུན་བཞེངས་པ་དང་། གཞན་ཡང་བླ་མ་གོང་མ་རྣམས་ཀྱི་དུས་མཆོད། ཞལ་བཞུགས་པའི་བླ་མ་རྣམས་ལ་འབུལ་བ། དགེ་འདུན་གྱི་བསྙེན་བཀུར། སྐྱེ་བོ་དབུལ་ཕོངས་དུ་མ་ལ་སྦྱིན་གཏོང་ལ་སོགས་པ་གཞན་གྱི་ཆེད་འབའ་ཞིག་མཛད་ཅེས་བཤད་ལ། ཁྱད་པར་གདན་ས་ཆེན་པོར་ཕེབས་ནས་བསྟན་འཛིན་གྱི་སྐྱེས་བུ་དུ་མ་ལ་འབུལ་བ། དགེ་འདུན་ཁྲི་ཕྲག་དུ་མ་ལ་གསེར་ཞོ་རེའི་འབུལ་འགྱེད་ལ་སོགས་པ་ཟང་ཟིང་གི་སྦྱིན་པ་རྒྱ་ཆེན་པོ་མཛད་ཅིང་། ཆོས་ཀྱི་སྦྱིན་པ་ཡང་སྐྱེ་བོ་ཁྲི་ཕྲག་དུ་མར་ལོངས་པ་ལ་ཐེག་པ་ཆེན་པོའི་སེམས་བསྐྱེད་ཀྱི་ཆོ་ག་མཛད་དེ། ཐམས་ཅད་ལ་རྫོགས་པའི་སངས་རྒྱས་ཀྱི་ས་བོན་བཏབ་སྟེ་གཞན་གྱི་དོན་ཡང་རླབས་པོ་ཆེ་བསྒྲུབས། བདག་ཉིད་ཀྱང་བསྙེན་པར་རྫོགས་པ་མཛད་པ་དང་། གཞན་ཡང་མཁྱེན་རབ་ཀྱི་དབང་ཕྱུག་དཔལ་ལྡན་སེང་གེས་གཙོ་མཛད། དགེ་བའི་བཤེས་གཉེན་དུ་མ་ལ་དབང་། རྒྱུད། མན་ངག བྱིན་རླབས་ལ་སོགས་པ་གསང་སྔགས་ཟབ་མོའི་ཆོས་ཀྱི་སྒོ་དུ་མ་དང་། མདོ་དང་