R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༡༤༧ན
[A:༡༤༧ན]གྲགས་པའི་རྣམ་འགྲེལ་ལ་གསན་སྦྱོང་མཛད་པས་ཚེགས་མེད་དུ་ཕྱིན་ཅི་མ་ལོགས་པར་མཁྱེན་ཏེ། མདོར་ན་སྐུ་གཞོན་ནུ་ལ་ཡབ་མེས་ཀྱི་ཆོས་ཐམས་ཅད་ཐུགས་སུ་ཆུད་པས། སྙན་གྲགས་ལྷའི་རོལ་མོ་ཕྱོགས་ཀུན་ཏུ་བསྒྲགས། དེ་ལ་བརྟེན་ནས་ཧོར་གྱི་རྒྱལ་པོ་གེ་གན་བྱ་བས་གདན་འདྲེན་གྱི་གསེར་ཡིག་པ་བྱུང་སྟེ། དགུང་ལོ་བཅུ་གཅིག་པ་ས་ཕོ་བྱི་ལོ་ལ་གོང་ལ་ཕེབས་ནས་སའི་སྟེང་ན་འགྲན་ཟླ་མེད་ཅིང་། རྒྱ་མཚོའི་མཐའ་ཀླས་པའི་ས་ཆེན་པོའི་བདག་པོ་མིའི་དབང་པོ་ཆེན་པོ་ཨཱ་ཡུ་པར་ཏའི་ཕོ་བྲང་ཆེན་པོར་ཆག་ཕེབས་ཏེ། ཐེག་པ་གསུམ་གྱི་གཏམ་གྱིས་ཚིམ་པར་བྱས་ཏེ། རྒྱལ་བློན་བཙུན་མོ་སྲས་དང་བཅས་པ་ཐམས་ཅད་ཀྱིས་ཞབས་ལ་གཏུགས་ཤིང་། ཟབ་པ་དང་རྒྱ་ཆེ་བའི་ཆོས་ཀྱི་སྒོ་དུ་མ་སྩལ་བས། བླ་མ་འདི་ཉིད་ལ་མི་ཕྱེད་པའི་དད་པ་ཐོབ་སྟེ་བསྟན་པའི་བདག་པོ་ཆེན་པོར་མངའ་གསོལ་བ་ལ་བརྟེན། བདག་ཉིད་ཆེན་པོ་འདིས་ཀྱང་བསྟན་པ་རིན་པོ་ཆེའི་འཁུར་བཞེས་ཏེ། སྔར་ཆོས་རྗེ་ཁུ་དབོན་གྱི་གདུལ་བྱར་གྱུར་ཏེ། སྨིན་པར་མཛད་པ་རྣམས་ཀྱང་ཤིན་ཏུ་དད་ཅིང་། རང་བཞིན་གྱིས་མཛེས་པ་ལ་རྒྱན་གྱིས་མཛེས་པར་བྱས་པ་ལྟ་བུར་གྱུར། ཆོས་རྗེ་ཁུ་དབོན་གྱི་གདུལ་བྱར་མ་གྱུར་པའི་སྐད་རིགས་མ་གཅིག་པ་དུ་མ་ལ་ཐེག་པ་ཆེན་པོའི་ཆོས་ཀྱི་ཆར་ཆེན་པོ་ཕབ་སྟེ་ཤར་ཕྱོགས་ཉི་འོག་གི་རྒྱལ་ཁམས་ཐམས་ཅད་ཐེག་པ་ཆེན་པོའི་ཆོས་ཀྱིས་ཁྱབ་པར་མཛད་ཅེས་གྲགས་སོ། །དེ་ནས་དགུང་ལོ་ཉེར་བཞི་པ་ཆུ་ཕོ་ཁྱིའི་ལོ་སླར་ཡང་ཁ་བ་ཅན་གྱི་སེམས་ཅན་རྣམས་ལ་ཐུགས་བརྩེ་བ་ཆེན་པོས་དགོངས་པ་དང་། བདག་ཉིད་ཀྱིས་སྔར་མ་གསན་པའི་ཆོས་