R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༡༣༦ན
[A:༡༣༦ན]བཟོ་རྒྱུན་མཐུན་པ་རྐང་གང་པའི་ཚད་ཙམ་པ་འཁྲུལ་མེད་དེ་ཉིད། བར་སྐབས་སུ་ལྷ་ས་རྫོང་པའི་ལག་ཏུ་འཁྱར་པ། རྗེ་བཙུན་དམ་པ་ཀུན་དགའ་གྲོལ་མཆོག་གི་ཕྱག་ཏུ་བྱུང་ནས་སྨོན་འགྲོར་བཞུགས་པ་དེ་ཉིད། དུས་ཕྱིས་ས་སྐྱ་པ་སྔགས་འཆང་ངག་དབང་ཀུན་དགའ་བསོད་ནམས་བདག་གི་ལག་ཏུ་རྩོལ་མེད་དུ་བྱུང་བ་འདི་ཡིན་ནོ། །དེ་ནས་པུར་རུས་ནག་པོར་བྱུང་བ་དང་། ལྷག་པར་བླ་མ་གཤེགས་པའི་གཏམ་རྒྱ་ཡུལ་དུ་སྐྱེལ་བར་ཕྱིན་ན་རྒྱལ་པོའི་ཆད་པ་འོང་ཟེར་ནས་སུས་ཀྱང་འགྲོ་མ་འདོད་པ་ལ། གདུང་རུས་རྣམས་ལ་བ་སོ་བརྡུངས་ནས་བསྲེས་ཏེ། ཏི་ཤྲཱི་གྲགས་པ་འོད་ཟེར་བདག་ཉིད་ཆེན་པོའི་མཆོད་དཔོན་ཡིན་པས། དེ་ན་རེ། ད་ཆད་པ་བྱུང་ཡང་བླ་མའི་ཆེད་ཡིན་པས་ངས་ཕྱིན་གྱིས་གསུངས་ནས་སྐུ་གདུང་ལ་ཁྲུས་གསོལ་མཛད་ཀྱིན་ཕེབས་ཏེ། རྒྱལ་པོ་དང་ཉེ་བའི་ས་ཞིག་ཏུ་བླ་མ་འཕགས་པའི་ཐུགས་དམ་གྱི་རིམ་པ་ཇི་ལྟ་བ་བཞིན་མཛད་ནས་བཞུགས་པས། དེ་རྒྱལ་པོས་གསན་ནས་ཅི་ཟེར་ངའི་བླ་མའི་ཐུགས་དམ་གྱི་རིམ་པ་འདྲ་བ་ལ་ལྟོས་ཤོག་གསུངས། བལྟ་བ་ལ་ཡོང་བས་ཁོང་ཡིན་པར་ཤེས་ནས་རྒྱལ་པོ་ལ་ཞུས་པས། ཡར་གདན་དྲོངས་གསུངས་ནས། བླ་མ་གཤེགས་ཚུལ་གསུངས་ནས་གཞན་ཆོས་ཀྱི་གསུང་གླེང་མང་དུ་མཛད་པས། རྒྱལ་པོ་དད་པ་སྐྱེས་ཏེ་ཆོས་མང་པོ་ཞུས། དཔོན་སློབ་ཏུ་གྱུར་ནས་གསང་རྟོལ་བས་རྒྱལ་པོས་སྐུ་གདུང་དབུ་ཐོག་ཏུ་བཞག་ནས་གསོལ་བ་མང་དུ་བཏབ་པས། སྐུ་གདུང་ཐམས་ཅད་རིང་བསྲེལ་དུ་སོང་ནས་བ་སོ་རྣམས་ལ་འདི་ངའི་བླ་མའི་གདུང་མིན་ཟེར་ནས་ཕྱིར་དོར། དེ་ནས་བོད་ལ་ཡང་གདུང་སྐལ་གནང་ཞེས་