R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༡༣༥བ
[A:༡༣༥བ]མཁའ་ལས་སིལ་སྙན་དུ་མའི་སྒྲ་དང་། སྔར་ཚོར་མ་མྱོང་བའི་སྤོས་ཀྱི་དྲི་ཞིམ་པོ་དང་། མེ་ཏོག་གི་ཆར་དུ་མ་འབབ་པ་ལ་སོགས་པ་ལྷ་རྣམས་དགེས་པའི་མཆོད་པའི་བྱེ་བྲག་གིས་ས་ཆེན་པོ་འདི་ཡོངས་སུ་ཁྱབ་པར་གྱུར་ཏོ། །དེ་ནས་སྐུ་གདུང་བཞུ་ལ་ཕུལ་བས། བླ་མ་འདི་མངའ་ཐང་ཤིན་ཏུ་ཆེ་བ་ལ་བརྟེན་ནས་གཙུག་ལག་ཁང་མང་དུ་བཞེངས་པ། རྒྱ་བོད་ཀྱི་བར་ལ་ཡང་ཡང་འབྱོན་འགྲུལ་སོགས་ལུགས་གཉིས་ཀྱི་གནང་སྐྱོང་ཆེས་ཆེ་བའི་ཁྲལ་འུ་ལག་སོགས་ལ་མི་སྡེ་སྐལ་དམན་རྣམས་མ་དད་པའི་དམ་ཚིག་གི་ཉེས་པ་ཅུང་ཟད་ཀྱི་རྣམ་པས་གདུང་རུས་ཕལ་ཆེར་ནག་པོར་བྱུང་ཞིང་། དེའི་ཚེ་སློབ་དཔོན་གྲགས་པ་གཞོན་ནུ་བྱ་བ་འཇམ་དབྱངས་སྔོན་པོར་གྲགས་པས་གདུང་ཁང་ཞལ་མ་ཕྱི་བ་ལ་དྲུང་དུ་ཕྱིན་ནས། རང་ཉིད་ཀྱི་དབུ་ཞལ་བ་ལ་བརྡབ་སྟེ་ཡུས་པའི་ཚུལ་དུ་གསོལ་བ་དྲག་ཏུ་བཏབ་པས། གདུང་ཁང་གི་གསེང་བུག་གཅིག་ནས་སོལ་བ་རྡོག་པོ་གཅིག་འཕིར་བྱུང་བ་ན། དེ་བྲད་པས་ཕྱག་གི་མཐེ་བོང་གི་ཚིགས་ཀྱི་གདུང་རུས་གཅིག་ལ་ཁབ་ཕྲ་མོ་ཙམ་གྱི་རིགས་ལྔ་བཞེངས་སྐུའི་རྣམ་པ་ཙམ་བྱོན་པ་སླར་ཡང་གསོལ་བ་བཏབ་པས་ཞལ་ཕྱག་རྒྱན་ལ་སོགས་པ་ཤིན་ཏུ་གསལ་བར་བྱོན། དེ་ཉིད་ཤང་གྲུད་ཀྱི་དགོན་པ་རིན་ཆེན་མཛོད་ཀྱི་ལྷ་ཁང་ན་སློབ་དཔོན་གྲགས་གཞོན་གྱི་ནང་རྟེན་ཐུབ་པའི་སྐུའི་ནང་ན་བཞུགས་སོ་ཞེས་ཀྱང་གྲགས་ཤིང་། ཡང་ལོ་རྒྱུས་གཞན་ལས་ཕྱིས་འགའ་ཞིག་གིས་གདུང་དེ་བཞུགས་པའི་སྐུ་དེ་བཤས་ནས་དེང་སང་བརྒྱ་ཚོ་བའི་ལག་ན་ཡོད་པར་གསུང་མོད་ཀྱང་། གདུང་རུས་ངོ་མཚར་ཅན་དེ་ཉིད་བཞུགས་པའི་ཐུབ་དབང་གི་སྐུ་ལྷ་ཁང་ཆེན་མོའི་འཛམ་གླིང་གཡས་བཞག་དང་