R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༡༣༤ན
[A:༡༣༤ན]ལྟ་བུ་མཛད་པ་ཡིན་ལ། ངས་ཀྱང་བསྟན་པའི་བྱ་བ་དང་སེམས་ཅན་ལ་ཕན་པ་ཅི་ནུས་ཅི་ཚུལ་དུ་བསྒྲུབ་པ་ཡིན་པས། ད་ནི་ཁྱོད་ཀྱིས་ཀྱང་དེ་བཞིན་དུ་བྱ་དགོས་པ་གོ་བར་གྱིས་ཤིག་ཅེས་གསུངས་ཤིང་། དེ་ནས་བླ་མ་འདི་སྔར་སྐུ་ཕྲ་མོའི་དུས་སུ་མནལ་ལམ་དུ། སྦ་འཁར་ཚིགས་བརྒྱད་ཅུ་པ་ཚིགས་བཞི་བཅུ་ཞེ་དྲུག་པ་དེ་འཁྱོག་པ་ཅིག་ཕྱག་ཏུ་བྱུང་ནས་ནང་པར་བདག་ཉིད་ཆེན་པོ་ས་པཎ་ལ་ཞུས་པས། ཚིགས་གྲངས་དེ་རྣམས་ཁྱོད་ཀྱི་ཚེའི་མཚོན་བྱེད་ཡིན་ཏེ། ཚིགས་ཞེ་དྲུག་པ་ཅུང་ཟད་འཁྱོག་པ་དེ་ལོ་དེར་སླེབ་པ་ན་ཅུང་ཟད་དོག་པའི་ལྟས་ཡིན་པས་དེ་དུས་བཟབས་དགོས་ཞེས་གསུངས་པའི་ལུང་བསྟན་ལྟར་མྱ་ངན་ལས་འདའ་བ་ཆེན་པོ་སྟོན་པའི་དུས་དང་ཉེ་བར་གྱུར་པ་ན། བསྟན་པ་ལ་དགའ་པའི་ལྷ་རྣམས་ཀྱིས་མངོན་པར་ཤེས་ཏེ། སྐྱེས་བུ་དམ་པ་འདི་ལྟ་བུ་མི་བཞུགས་ན་སངས་རྒྱས་ཀྱི་བསྟན་པ་སུས་འཛིན་ཅེས་པའི་མི་དགའ་ཞིང་མྱ་ངན་གྱིས་མངོན་པར་ནོན་པའི་ཡིད་ཀྱིས་ངུ་བའི་མཆི་མའི་ཆར་གྱིས་ས་གཞི་ཆེན་པོ་ཡང་བང་བར་གྱུར་ཏེ། བྱ་རྣམས་ཀྱང་སྐད་མི་སྙན་པ་སྒྲོག་ཅིང་། སྤུའི་ཁ་དོག་ཀྱང་ཕྱིན་ཅི་ལོག་པ་ལ་སོགས་པ་དུ་མ་ཡང་སྟོན་པར་གྱུར། ཉི་མའི་དཀྱིལ་འཁོར་ཡང་འོད་མི་གསལ་ཞིང་དུས་ཚིགས་དང་རྒྱུ་སྐར་ཡང་ལོག་པར་རྒྱུ་བར་གྱུར། སྐྱེ་དགུ་ཐམས་ཅད་ཡིད་རྣམ་པར་འཁྲུག་ཅིང་མྱོས་ནས། བྱ་བ་དང་བྱ་བ་མ་ཡིན་པ་མི་ཤེས་ཤིང་ཕྱོགས་བསླད་པ་བཞིན་དུ་གྱུར། སྤོང་བ་བསམ་གཏན་པ་རྣམས་ཀྱི་སྙིང་ཡེད་ཡེད་པོར་གྱུར་ཏེ། སེམས་རྩེ་གཅིག་པ་མི་ཐོབ་ཅིང་། ཉན་བཤད་བྱེད་པ་རྣམས་ཀྱང་ཉན་བཤད་ལ་སྤྲོ་བ་མེད་པར། བྱ་བ་དང་བྱ་བ་མ་ཡིན་