R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༡༣༤བ
[A:༡༣༤བ]པ་གཞན་དག་ལ་འཇུག་པར་གྱུར། སའི་ལྷ་ཡང་སྤྲོ་བ་མེད་བས་ལོ་ཐོག་གི་ཁྱད་པར་རྣམས་ཀྱང་སྨིན་པར་མ་གྱུར་ཏོ། །དེ་ལྟར་ཉི་མའི་དཀྱིལ་འཁོར་འོད་ཀྱི་དྲ་བ་ཅན་ནུབ་ཀྱི་རི་རྩེར་ཉེ་བར་གྱུར་པ་ན། གྲིབ་མའི་ཚོགས་རྣམས་སྔོན་དུ་ཉེ་བར་འོང་བ་བཞིན། བདག་ཉིད་ཆེན་པོ་འདི་ཡང་ཞིང་གཞན་དུ་བཞུད་པར་དགོངས་པའི་མོད་ལ་ཡང་། སྔ་ལྟས་དེ་དག་གློ་བུར་དུ་ལྷགས་པར་གྱུར་ཏེ། དེ་ཡང་གང་ཟག་དམ་པ་ཐམས་ཅད་གཞན་དུ་བཞུད་པར་དགོངས་པ་ན་སྔ་ལྟས་དེ་དག་འབྱུང་བ་ནི་ཆོས་ཉིད་དེ། སྐྱེ་དགུ་རྣམས་ཀྱི་བདེ་སྐྱིད་ཀྱི་ཁྱད་པར་ཐམས་ཅད་ནི་སྐྱེས་བུ་དམ་པ་འདི་ལྟ་བུ་ལ་རག་ལས་ལ། འདི་ནི་གཞན་དུ་བཞུད་པར་དགོངས་ཤིང་། དེ་ཚེ་སྐྱེ་དགུ་ཐམས་ཅད་ལ་དེ་ལྟ་བུའི་ལྟས་བྱུང་ཡང་། བདག་ཉིད་ཆེན་པོ་ནི་བདེ་བ་ཅན་ན་དེ་བཞིན་གཤེགས་པ་ཨ་མི་དེ་བ་པདྨ་རཱ་གའི་རི་བོ་ལྟར་ཀུན་ནས་བརྗིད་པའི་ཞབས་ཀྱི་དྲུང་ན་བྱང་ཆུབ་སེམས་དཔའི་ཚོགས་དུ་མས་ཀུན་ཏུ་བཟང་པོའི་མཆོད་པའི་སྤྲིན་གྱི་ཕུང་པོ་ཆེན་པོས་མཆོད་པ་བྱེད་པ་ལ་སོགས་པ་སངས་རྒྱས་ཀྱི་ཞིང་རྣམ་པར་དག་པ་དུ་མའི་བཀོད་པ་ཡང་ཐུགས་དམ་དུ་གཟིགས་པའི་སྣང་བ་བྱུང་ཞིང་། ཁྱད་པར་འབྲུག་ལོ་ཟླ་བ་བཅུ་པའི་ཚེས་གསུམ་གྱི་མཚན་མོ། དཔལ་གྱི་རི་ལ་སློབ་དཔོན་ཆེན་པོ་ཀླུ་སྒྲུབ་བྱང་ཆུབ་ཀྱི་ཤིང་རྒྱ་དང་ཚད་གཞལ་བར་དཀའ་བའི་ཞབས་ཀྱི་དྲུང་ན་བཞུགས་པ་ལ། བདག་ཉིད་དབུ་མ་རིགས་པའི་ཚོགས་དྲུག་ལ་སོགས་པ་གསན་ཅིང་། ནམ་མཁའ་ལས་ལྷའི་བུ་མོ་དུ་མས་མཆོད་པའི་ཁྱད་པར་དཔག་ཏུ་མེད་པས་མཆོད་པ་བྱེད་པ་དང་། རིག་པའི་རྒྱལ་མོ་རྨ་བྱ་ཆེན་མོ་མངོན་སུམ་དུ་བཞུགས་པ་རྣམས་རྨི་ལམ་དུ་