R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༩༦ན
[A:༩༦ན]གྱིས་ཀྱང་ཤཱཀྱ་མུ་ནེའི་ལུགས་འདི་ཨེ་ཡིན་ཟེར། ཁྱོད་ལ་སྐྱོན་འཛིན་དུ་མི་ཡོང་བ་ཨེ་ཡིན། ཧོར་གྱིས་ཅི་ཡང་མི་ཤེས་སྙམ་དུ་མ་སེམས། ལན་གཅིག་གཉིས་མ་ཤེས་ཀྱང་དེ་ནས་ཤེས་པ་ཡིན། ཁྱོད་བནྡེ་རྣམས་སྤྱོད་པ་ངན་པ་མ་བྱེད། ང་མི་ལ་ངོ་ཚར་མ་བཅུག ཁྱེད་ཆོས་དང་མཐུན་པར་གྱིས། གནམ་མཆོད་ཅིང་སྨོན་ལམ་ཐོབ་དང་ཁྱེད་ཀྱི་ཡོན་བདག་ངས་བྱེད་པ་ཡིན། རྒྱལ་པོའི་འཇའ་ས་དངོས་ཡིན། བསོད་ནམས་མཐུ་ཡིས་རིགས་གཟུགས་འབྱོར་པར་ལྡན། །དད་དང་བློ་གྲོས་བརྩེ་བའི་ཐུགས་མངའ་ཞིང་། །དྲང་པོས་ས་སྐྱོང་བསྟན་པའི་རྩ་ལག་མཆོག །རྒྱལ་བའི་སྲས་པོ་གོ་པེ་ལ་དང་ནི། །བསོད་ནམས་ལས་གྲུབ་བུད་མེད་རིན་པོ་ཆེ། །མཛེས་མའི་གཟུགས་འཛིན་འཛུམ་པའི་མདངས་ལྡན་ཞིང་། །དཔལ་གྱིས་རབ་བརྒྱན་བྱམས་པའི་བློ་མངའ་བ། །ཆ་བུ་ག་བསྟུན་སྲས་དང་བཅས་པ་ཡིས། །དངོས་སུ་འབྱོར་དང་ཡིད་ཀྱིས་སྤྲུལ་པ་ཡི། །མཆོད་པ་སྣ་ཚོགས་རབ་འབྱམས་དཔག་མེད་ཀྱིས། །དུས་གསུམ་གཤེགས་པའི་རྒྱལ་བ་རྒྱ་མཚོ་ལ། །གུས་པས་ཕུལ་བའི་བསོད་ནམས་གང་ཡིན་དང་། །དབྱིག་གི་ཚོགས་དང་བཞོན་པ་དམ་པ་དང་། །སྣ་ཚོགས་ཚོན་སྤྲས་གོས་ཀྱི་རིགས་རྣམས་དང་། །སྐོམ་པའི་གདུང་སེལ་རེ་མཆོག་ལྡན་པའི་ཇ། །ཆོས་ཀྱི་དོན་དུ་གུས་པས་ཕུལ་བ་དང་། །བསྟན་པ་སྤེལ་ཕྱིར་དམ་ཆོས་འཛིན་པ་ཡི། །དགེ་འདུན་རྣམས་ལ་འཇིགས་པ་མེད་པ་ཡི། །བཀའ་ལུང་བྱིན་པའི་བསོད་ནམས་རྒྱ་ཆེན་དང་། །དེ་ལས་གཞན་པའི་བསོད་ནམས་གང་ཡོད་པ། །མོང་གོར་རྒྱལ་པོ་མི་དབང་གོ་པེ་ལ། །སྲས་དང་བཙུན་མོ་ནད་མེད་ཚེ་རིང་