R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༩༦བ
[A:༩༦བ]ཞིང་། །རྒྱལ་ཁམས་བདེ་སྐྱིད་དགེ་འདུན་མཐུན་པ་དང་། །སངས་རྒྱས་བསྟན་པ་ཕྱོགས་བཅུར་རྒྱས་པར་ཤོག །བསོད་ནམས་འདི་ཡིས་སྲིད་པ་ཐམས་ཅད་དུ། །དལ་འབྱོར་རྙེད་ཅིང་རིགས་གཟུགས་ལོངས་སྤྱོད་ལྡན། །སངས་རྒྱས་མཐོང་ཞིང་དམ་ཆོས་ཉན་པ་དང་། །ལུས་ཅན་རྣམས་ལ་ཕན་པ་བྱེད་པར་ཤོག །འཁོར་བའི་སྡུག་བསྔལ་རྒྱ་མཚོར་བྱིང་བ་ཡི། །ལུས་ཅན་ཐམས་ཅད་ལེགས་པར་བསྒྲལ་ནས་ཀྱང་། །ཆོས་རྣམས་མ་ལུས་མངོན་སུམ་མཁྱེན་པ་ཡི། །རྫོགས་པའི་སངས་རྒྱས་མྱུར་དུ་ཐོབ་པར་ཤོག །བསྟན་ལ་ཕན་པའི་བཀའ་ལུང་བཟང་པོ་འདི། །ཐོག་མ་ཉིད་དུ་བསྟོད་འོས་བསྔགས་པ་དང་། །ཡོངས་སུ་བསྔོ་བ་རྗེས་སུ་བགྱིས་པ་འདི། །མི་ཡི་དབང་པོས་དང་བས་བསྐུལ་ནས་ནི། །དཀོན་མཆོག་གསུམ་དང་རྒྱལ་པོའི་བསྟོད་པ་རྣམས། །སྲིད་ཞི་ཀུན་ནས་འཕགས་པ་ཐོབ་ཕྱིར་མཛད། །སངས་རྒྱས་ངོ་བོ་བླ་མའི་ཡོན་ཏན་རྣམས། །ལུང་རིགས་དོན་དང་མི་འགལ་བདག་གིས་སྦྱར། །ཡོངས་སུ་བསྔོ་བའི་ཚིགས་བཅད་གང་ཡིན་པ། །རྣམ་དག་ཐེག་ཆེན་ལུང་བཞིན་ཁོ་བོས་བསྡེབས། །ཤིང་ཕོ་སྟག་གི་དབྱར་འབྲིང་ཚེས་དགུ་ལ། །རྒྱ་བོད་མཚམས་ཀྱི་ལུང་པ་ཤར་དུ་བྲིས། །ཞེས་ཧོར་རྒྱལ་པོའི་འཇའ་ས་བོད་ཡིག་མར་གྲགས་པ་ད་ལྟའི་བར་དུ་གདན་ས་ཆེན་པོ་རང་ན་བཞུགས་པ་ལས་ཞལ་བཤུས་པ་ཡིན་ནོ། །དེ་ལྟར་ན་སྤྱིར་འཛམ་བུ་གླིང་དང་། བྱེ་བྲག་དབུས་གཙང་ཁམས་གསུམ་གྱི་འགྲོ་བ་རྣམས་ལ་བདེ་སྐྱིད་འབྱུང་བའི་བྱེད་པ་པོ་དམ་པར་གྱུར་པ་ཆོས་ཀྱི་རྒྱལ་པོ་དཔལ་ལྡན་འཕགས་པའི་ཞབས་དེ་ཉིད་ཀྱིས་སྐད་རིགས་མི་གཅིག་པ་དུ་མ་ལ་ཆོས་ཀྱི་བརྡ་དང་ཐ་སྙད་དུ་མ་