R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༩༥བ
[A:༩༥བ]དང་མུ་ཏིག་གིས་སྤྲས་པའི་སྣམ་སྦྱར། རིན་པོ་ཆེས་བརྒྱན་པའི་ཕྱམ་ཚེ། ཆོས་གོས། རིན་པོ་ཆེའི་ཞྭ། ལྷྭམ། སྟན་ལ་སོགས་པ་ཕུལ། ཡང་ཡོ་བྱད་ལ་གསེར་གྱི་གདུགས། གསེར་གྱི་ཁྲིའུ། གསེར་གྱི་ཕོར་པ། དངུལ་གྱི་ཇ་འོ་རིན་པོ་ཆེའི་ཡུ་བ་ཅན་གྱི་གྲི་ལ་སོགས་པ་ཕུལ། ཡང་ནོར་སྣ་ལ། གསེར་བྲེ་ཆེན་གཅིག དངུལ་བྲེ་ཆེན་བཞི། རྔ་མོའི་ཆིབས་པ་གསར་མ། དྲེའུ། གསེར་གྱི་སྒ་སྟན་སྲབ་གསུམ་དང་བཅས་པ་ཕུལ་བ་ཡིན། སྟག་གི་ལོ་འདི་ཡང་རྟེན་གྱི་རྒྱུ་དངུལ་བྲེ་ཆེན་ལྔ་བཅུ་རྩ་དྲུག གསོལ་ཇ་རྩེ་ལྔ་སིགས་ཉིས་བརྒྱ། གོས་ཆེན་ཡུག་བརྒྱ་དང་བཅུ་ཐམ་པ། མདོར་ན་འཇའ་ས་དང་ལོངས་སྤྱོད་འདི་རྣམས་ཐམས་ཅད་ཆོས་ཀྱི་ཡོན་དུ་ཕུལ་བ་ཡིན། ཁྱེད་གཙང་གི་བནྡེ་རྣམས་ཀྱིས་ཀྱང་དེ་ཤེས་པར་གྱིས། དེ་མ་ཡིན་ན་འཇའ་ས་ཅི་ལ་བསྐུར། ཁྱེད་བནྡེ་རྣམས་ཀྱང་དཔོན་མགོ་མ་རྩོད། དཔོན་མང་ན་མི་བཟང་བ་ཡིན། འཇའ་ས་ཡོད་པས་ཀྱང་གཞན་ལ་རུང་རུང་མ་བྱེད། ཁྱེད་བནྡེ་རྣམས་དམག་དང་འཐབ་འཁྲུག་མ་བྱེད་པར་ཤཱཀྱ་མུ་ནེའི་ལུགས་བཞིན་དུ་ཆོས་ཤེས་པས་ཤོད། མི་ཤེས་པས་ཉོན། ཆོས་འབྲི་ཀློག་དང་སྒོམ་སྒྲུབ་ལ་འབད་པ་གྱིས། གནམ་མཆོད་ཅིང་ངེད་ལ་སྨོན་ལམ་ཐོབ། ལ་ལ་ན་རེ་བསླབ་མི་དགོས་བསྒོམ་པ་ཡིན་ཟེར་བ་མ་བསླབས་པ་ཅི་བསྒོམ། གོ་ནས་བསྒོམ་མོད། བནྡེ་རྒན་པ་རྣམས་ཀྱིས་གཞོན་པ་ལ་ཁ་ཏ་གྱིས་ལ་ཆོས་སློབ། གཞོན་པས་ཀྱང་རྒན་པ་ལ་ཉོན། ཁྱོད་བནྡེ་རྣམས་ལ་དམག་ཁྲལ་ལས་གསུམ་མེད་པ་འདི་བླ་མ་དཀོན་མཆོག་གི་བཀའ་དྲིན་ཡིན་པ་དེ་ཁྱེད་ཀྱིས་མི་ཤེས་སམ། ཁྱེད་ཀྱིས་ཤཱཀྱ་མུ་ནེའི་ལུགས་བཞིན་མ་བྱས་ན་ཧོར་