R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༩༠ན
[A:༩༠ན]ལུགས་གཅིག་ལ་ཆོས་ཀྱི་རྗེ་ས་སྐྱ་པཎྜི་ཏ་ལ་རྒྱལ་པོ་གོ་དན་གྱིས་ཕུལ། ས་པཎ་གྱིས་འཕགས་པ་ལ་གནང་བར་བཤད་པའི་ལུགས་གཅིག་ཀྱང་འདུག་ཅིང་། གང་ལྟར་ས་པཎ་གྱི་ཆོས་དུང་ཀྱང་ཡིན་ཏེ། ཧོར་གྱི་ཡུལ་སྐད་རིགས་མི་གཅིག་པའི་རྒྱལ་ཁམས་དུ་མ་སངས་རྒྱས་ཀྱི་བསྟན་པས་ཁྱབ་པར་མཛད་ཅིང་། ཆོས་འཁོར་བསམ་གྱིས་མི་ཁྱབ་པ་བསྐོར་བའི་དུས་ཀྱི་ཆོས་དུང་ཡིན་པར་གསུངས་པས་སོ། །དེ་ལྟ་བུའི་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཆོས་དུང་ཁྱད་པར་དུ་འཕགས་པ་འདི་ནི་དཔལ་ལྡན་ས་སྐྱ་ཉིད་དུ་འགྲོ་བའི་མགོན་པོ་ཆོས་རྒྱལ་འཕགས་པ་རྒྱ་ནག་ནས་ཕེབས་དུས་བསྣམས་ནས་འགྲོ་བ་མ་ལུས་པའི་སྐྱབས་མགོན་དམ་པར་བཞུགས་སུ་གསོལ་བ་ཡིན་ནོ། །ཆོས་དུང་འདི་ལྟ་བུའི་ཆེ་བའི་ཡོན་ཏན་ནི་ཞིབ་པར་བརྗོད་ཀྱིས་ག་ལ་ལང་། རགས་པ་ཙམ་བརྗོད་ན། གདུལ་བྱ་སྣོད་ལྡན་གྱིས་བལྟས་པ་དེའི་ཚེ་འདི་ཉིད་ལ་རྣམ་བཅུ་དབང་ལྡན་ལ་སོགས་པ་ཁྱད་པར་དུ་འཕགས་པའི་རང་བྱོན་བསམ་གྱིས་མི་ཁྱབ་པ་ཡོད་ཅིང་། འདིའི་གསུང་ཐོས་པ་ཙམ་གྱིས་བསྐལ་པ་བྱེ་བ་དཔག་ཏུ་མེད་པ་ནས་བསགས་པའི་སྡིག་སྒྲིབ་འདག་ཅིང་། ངན་སོང་དུ་སྐྱེ་བའི་སྒོ་བཀག་སྟེ། མཐོ་རིས་དང་ཐར་པའི་བདེ་བ་ལ་འགོད་པར་མཛད་ཅིང་། གཞན་ཡང་སེམས་ཅན་ལ་བདེ་སྐྱིད་འབྱུང་བའི་འབྲུའི་ཚོགས་རྣམས་ལ་སྡེ་བརྒྱད་གདུག་པ་ཅན་རྣམས་ཀྱིས་མཐོ་འཚམས་པའི་སེར་བ་ལ་སོགས་པ་བྱུང་ཚེ། འདིའི་གསུང་ཐོས་པ་ཙམ་གྱིས་དེ་མ་ཐག་ཏུ་རང་ཞི་ལ་འགྲོ་བ་དང་། སའི་བཅུད་འཕེལ་ཏེ་སེམས་ཅན་ལ་བདེ་སྐྱིད་ཕུན་སུམ་ཚོགས་པ་འབྱུང་བ་ཡིན་ནོ། །བར་སྐབས་སུ་སྔགས་