R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༨༩བ
[A:༨༩བ]མེད་པ་རི་མོས་སྤྲས་ཤིང་སྲ་བ། མཚོན་དང་གཟོང་གིས་མི་ཕིགས་པ། ཐུགས་ཀ་རུ་ནོར་བུ་དཔལ་བེའུ་ཕུང་ཕུང་ཡོང་བ་ཅིག་གིས་མགོ་བྱས་སྐྱེལ་བཟང་པོ་ཐང་གཉིས་བསྐུར། གྲོས་དང་བསླབ་བྱ་ལེགས་པར་བྱས་བཏང་བའི་མཐུ་དང་རྟེན་འབྲེལ་འགྲིག་པས་མུ་སྟེགས་པའི་དཔུང་ཚོགས་ཕམ་པར་བྱས་ཏེ། ནང་པའི་བསྟན་པ་ཉིན་མོ་ལྟར་གསལ་བར་བྱུང་བས། རྒྱ་གར་རྒྱལ་བློན་ཐམས་ཅད་དགའ་བར་གྱུར་ཏེ། འདི་ལྟ་བུའི་བསྟན་པ་འབྱུང་པ་འདི་རྒྱ་ནག་རྒྱལ་པོ་ཁྱེད་ཀྱིས་སེམས་བརྩེ་བའི་བསླབ་བྱ་དང་། སྐྱེལ་བཟང་པོ་རིམ་པར་བསྐུར་བྱུང་བའི་སྟོབས་དང་ནུས་པ་ཡིན་པས་ཁྱེད་དྲིན་ཆེ་བ་ཡོད། སྐྱེལ་ལན་ལ་ཅི་འདོད་པ་བསྐུར་བས་ལན་སྲིངས་ཤིག བྱས་པས། རྒྱ་ནག་རྒྱལ་པོ་ན་རེ། ཁྱེད་དེ་ལྟར་སེམས་ན་སངས་རྒྱས་དགུང་ལོ་བརྒྱད་པའི་སྐུ་ཚད་དང་། སངས་རྒྱས་ཀྱི་ཆོས་དུང་། ཆུ་ཀླུང་གི་མདོ། རྒྱན་སྟུག་པོ་བཀོད་པའི་མདོ། འདུལ་བ་ཀོ་ཤ་དང་། ཟ་མ་ཏོག་བཀོད་པའི་མདོ་དང་བཞི། དགེ་སློང་སྡོམ་བརྩོན་ལྡན་པ་བཞི་སྡེ་དང་བཅས་པ་བསྐུར་ཅིག་ཟེར་བྱུང་བ་ནས། རྒྱལ་པོ་དྷརྨཱ་ཕ་ལ་ན་རེ། ངེད་ཀྱི་ཡི་དམ་གྱི་ལྷ་ཤཱཀྱ་མུ་ནེ་སོགས་གཞན་དུ་འབྱོན་པ་སེམས་ཀྱིས་ཐོང་བ་མེད་ནའང་ཁྱེད་དྲིན་ཆེ་བ་ཡིན་པས་གདན་དྲོངས་ལ་འགྲོ་བ་མང་པོའི་དོན་རྒྱས་པར་མཛོད་ཅིག་གསུངས་ནས་མཆོད་རྫས་ཀྱི་བྱེ་བྲག་དུ་མ་དང་། སྐྱེལ་བསུའི་བཤོམ་རྒྱས་པར་བྱས་ནས་ཇོ་བོ་དང་ཆོས་དུང་འདི་ཉིད་སོགས་རྒྱ་ནག་ཏུ་སྤྱན་དྲངས་པ་ཡིན་ཅིང་། རྒྱ་ནག་ནས་ས་སྐྱ་པའི་ཕྱག་ཏུ་བྱུང་ཚུལ་ནི། གོང་དུ་བརྗོད་པ་བཞིན་ཆོས་རྒྱལ་འཕགས་པ་ལ་སེ་ཆེན་གྱིས་ཕུལ་བ་ཉིད་ཡོངས་གྲགས་ཡིན་མོད་ཀྱང་། ཡང་