R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༨༧བ
[A:༨༧བ]བལྟས་པས། འཕགས་པས་ཇི་ལྟར་གསུངས་པ་བཞིན་བྱུང་བས་རྒྱལ་པོ་ཐུགས་དགྱེས། དེ་ནས་འཕགས་པས་དེར་ཡང་མ་ཟད་པའི་སྔ་རོལ་ལོ་བྱེ་བའི་གོང་དུ་འཛམ་བུ་གླིང་དུ་ཁྲག་གི་ཆར་པ་ཞག་བདུན་བབས་ཡོད་གསུངས་པས། རྒྱའི་ཡིག་ཚངས་ན་བཏབ་འདུག་པས་རྒྱལ་པོ་ཤིན་ཏུ་ཡིད་ཆེས་ཤིང་། ཡང་འཕགས་པས་སྤྱིར་ངེད་ཀྱི་ཕ་མེས་ལ་མི་ཉག་རྒྱལ་པོས་གོས་ཆེན་གྱི་བླ་བྲེ་ཤ་བའི་རྭ་ཅོ་ནས་བཟུང་ཐུབ་པ་ཕུལ་ཡོད་གསུངས་པས། རྒྱལ་པོས་ས་སྐྱར་བལྟར་བཏང་བས་འདུག་ཟེར་བས་རྒྱལ་པོ་ཡབ་སྲས་མོས་པར་གྱུར་ཏོ། །དེ་ནས་དཔོན་མོས་རྒྱལ་པོ་ལ་འཕགས་པ་བོད་ལ་མ་བཏང་བས་ལེགས་འདུག ས་སྐྱ་པ་ལ་གསང་སྔགས་ཟབ་མོའི་དབང་བསྐུར་གཞན་ལ་མེད་པའི་ཁྱད་ཆོས་ཅིག་ཡོད་པར་འདུག དེ་ཞུས་པ་འཐད་ཞུས་པས། རྒྱལ་པོ་ན་རེ་སྔོན་ལ་ཁྱོད་ཀྱིས་ཞུས། ཨའུ་ཙེ་བ་འདུག་ན་ང་ཡང་ཞུ་གསུངས་པས། དཔོན་མོས་ཀྱེ་རྡོ་རྗེའི་དབང་ཞུས་ཤིན་ཏུ་མོས་པར་གྱུར། དེའི་དུས་སུ་དཔོན་མོས་དབང་ཡོན་ཅི་འཚལ་ཞུས་པས། འཕགས་པའི་ཞལ་ནས། རང་གི་ལུས་ལོངས་སྤྱོད་ཁ་རྗེ་དབང་ཐང་ཐམས་ཅད་འབུལ་བ་ཡིན། ཁྱད་པར་རང་གང་ལ་ཆགས་ཤིང་གཙིགས་ཆེ་བ་དེ་འབུལ་བ་ཡིན་གསུངས་པས། བཙུན་མོས་ང་ཁྱོ་ས་ལ་ཡོང་དུས་ཕ་མས་བྱིན་པའི་གཙིགས་ཆེ་ཤོས་ཡིན་ཟེར་ནས་རྣ་རྒྱན་གྱི་སྟེང་ན་མུ་ཏིག་རྡོག་པོ་ཅིག་འདུག་པ་དེ་ཕུལ་བས། སོག་པོ་གཅིག་ལ་བཙོངས་པས་གསེར་བྲེ་ཆེན་གང་དང་། དངུལ་བྲེ་ཆེན་སྟོང་བྱུང་བས་ཡར་སླེབས། གཙང་ཆུ་མིག་གི་ཆོས་འཁོར་དང་ས་སྐྱའི་གསེར་ཐོག་ཆེན་མོའི་གཞི་བྱས་ཟེར། དེ་ནས་རྒྱལ་པོ་ལ་དཔོན་མོས། ཆོས་གཞན་ལས་