R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༥༣ན
[A:༥༣ན]་པའི་ཚིགས་སུ་བཅད་པ་མཛད་དོ། །འདི་དག་བསྒྲགས་པས་མ་འོངས་པའི་མཁས་པ་ཆེན་པོ་རྣམས་དང་། སློབ་གྲྭའི་མཁས་པ་དོན་དུ་གཉེར་བ་རྣམས་ཀྱིས་དེ་དག་གི་རྣམ་པར་ཐར་པ་ཁོང་དུ་ཆུད་པར་འགྱུར་བ་དང་། བླུན་པོ་ཡོན་ཏན་ཕྱོགས་རེ་ཙམ་གྱིས་ཆོག་པར་འཛིན་པའི་བློ་འདོར་བ་དང་། བློ་གསལ་བའི་གཞོན་ནུ་དག་ཀྱང་འདི་ལྟ་བུའི་མཁས་པ་ཆེན་པོར་གྱུར་ན་ཅི་མ་རུང་སྙམ་དུ་སྤྲོ་བ་བསྐྱེད་པར་བྱ་བའི་ཕྱིར། ང་རྒྱལ་གྱི་ཚིག་གསུངས་པ་ལྟ་བུར་མངོན་པ་ཡོད་དེ། སློབ་དཔོན་དཔལ་ལྡན་ཆོས་ཀྱི་གྲགས་པས། སྤྲེའུའི་ཚོགས་ཀྱིས་རི་བོ་བཟུང་ནས་ཆུ་གཏེར་བཞག་ཅེས་གྲོག་མཁར་སྨྲས། །རྒྱས་པ་སྲིད་སྒྲུབ་བརྡ་ཤེས་དེ་དག་བདེན་མིན་ལོ་རྒྱུས་སྒྲོག་པར་བྱེད། །ཁོ་བོས་ཚིག་དོན་སྲང་ལ་གཞལ་བཞིན་ཇི་ལྟར་གནས་པ་བདེན་སྨྲས་ཀྱང་། །འགྲོ་ཀུན་མགྲིན་པ་བརྐྱངས་ནས་སུན་འབྱིན་དེ་ཕྱིར་གྲགས་ལྡན་ཁྱེད་ལ་འདུད། །ཅེས་གསུངས་པ་དང་། ཡང་། གལ་ཏེ་ཆོས་ཀྱི་གྲགས་པ་ཡིས། །སྨྲ་བའི་ཉི་མ་ནུབ་པ་ན། །ཆོས་ནི་གཉིད་ལོག་ཡང་ན་ཤི། །ཆོས་མ་ཡིན་རྣམས་ད་གཟོད་ལོང་། །ཞེས་གསུངས་ལ། སློབ་དཔོན་བློ་བརྟན་གྱིས། བདག་བློ་ཕྱོགས་གཅིག་བཞག་པ་དང་། །གཞན་བློ་ཕྱོགས་གཅིག་བཞག་པ་གཉིས། །གལ་ཏེ་ཚད་ལ་གཞལ་རུང་ན། །སྲང་ལ་བཅལ་ན་བདག་བློ་ལྕི། །ཞེས་གསུངས་པ་དང་། སློབ་དཔོན་ཤེས་རབ་འབྱུང་གནས་སྦས་པས་ཀྱང་། །རིག་པའི་འོད་ཟེར་སྟོང་གིས་བརྒྱན་པ་ཡིས། །ཤེས་རབ་འབྱུང་གནས་བློ་ཡི་ཉི་མ་འཆར། །མུ་སྟེགས་བློ་ངན་མཚན་མོ་རབ་རྒྱུ་བའི། །རྒྱུ་སྐར་མེ་ཁྱེར་ཚོགས་རྣམས་རབ་ཏུ་བྲོས། །