R71: པཎྜི་ཏ་ཆེན་པོ་ཤཱཀྱ་མཆོག་ལྡན་གྱི་རྣམ་པར་ཐར་པ་ཞིབ་མོ་རྣམ་པར་འབྱེད་པ།

  • Pagination (Witness A): 228
[A:228]བསྒྲུབས་པའི་སྟོན་པ་འཇམ་དབྱངས། བྱམས་པ་རྣམས་ཀྱི་བར་སྐུ་སྟོང་རྭ་རེ་བཏབ་པ་ཡང་སྐུ་གདུང་གི་མཐར་གསེར་དངུལ་གྱི་ན་བཟའ་དང་བཅས་པ་བཞུགས་ཤིང། གཞན་གཟུངས་དང། སངས་རྒྱས་ཀྱི་རིང་སྲེལ་སོགས་ནང་བཞུགས་དཔག་ཏུ་མེད་པ་དང། སྔར་བཀའི་རྗེས་གནང་མཛད་པའི་ལུགས་ལྟར་རྟེན་ལི་མ་ཁྱད་པར་འཕགས་པ་དག་ཀྱང་བཀྲ་ཤིས་སྒོ་མངས་ཀྱི་སྒོ་སོ་སོ་བ་དག་ཏུ་བཀོད་ཅིང། ལྷག་པར་བལ་པོ་མ་ཎི་པཱ་ལས་བལ་པོ་ཉིད་ནས་བསྒྲུབས་ཏེ། སྤྱན་རས་གཟིགས་བཅུ་གཅིག་ཞལ་ཕྱག་སྟོང་དང་ལྷན་ཅིག་ཕུལ་བའི་བདེ་མཆོག་ཞལ་བཞི་ཕྱག་བཅུ་གཉིས་པ་བལ་འབུམ་སྡེ་ན་ལེགས་གྲགས་ཆོད་པ་དེ་དངུལ་གདུང་གི་བུམ་སྒོའི་ཐད་ཆེ་ཆུང་གི་སྒོར་བཞུགས་སུ་གསོལ། དེར་ཐུགས་སྲས་ཞལ་སློབ་རྣམས་ཀྱིས་རབ་གནས་བརྟན་བཞུགས་ཀྱང་ཕུལ། ས་སྐྱོང་ཆེན་པོ་མིའི་དབང་པོ་ཁུ་དབོན་བློན་འབངས་དང་བཅས་པས་ཀྱང་བཀྲ་ཤིས་དགའ་སྟོན་རྒྱ་ཆེར་སྤེལ་ཞེས་ཡོངས་སུ་གྲགས་སོ༎ གང་གི་འཕྲིན་ལས་སྲིད་པ་ཇི་སྲིད་པ༎ མི་ཉམས་ལྷག་པར་སྤེལ་བའི་ཕན་དགོངས་ཅན༎ པཎ་ཆེན་ཞལ་ལས་གདམས་པའི་ཆབ་རྒྱུན་གྱིས༎ ཡོངས་སྨིན་ཁྱོད་ཐུགས་རྗེས་སྤྲུལ་འཕགས་པའི་ཚོགས༎
གཏིང་སྐྱེས་པ
ཀུན་དགའ་རྒྱལ་མཚན་ཆོས་ཀྱི་ཁྲི་ལ་བཞུགས༎
བྲག་དམར་བ
ཀུན་དགའ་ཚེ་འཕེལ་ཟབ་ཆོས་འཁོར་ལོ་བསྒྱུར༎
གློ་བོ་པ
བློ་གྲོས་རྒྱལ་མཚན་ཆོས་ཀྱི་རྗེ་བོའི་ཚུལ༎
གུ་གེ་པ
རྣམ་རྒྱལ་དཔལ་བཟང་ཆོ་རིགས་བཙུན་པའི་ངང༎
མི་ཉག
ཆོས་གྲགས་དཔལ་བཟང་ཆེ་དགུའི་གཙུག་ན་མཐོ༎
ཚལ་པ
རིན་ཆེན་རྒྱལ་མཚན་མཁས་བཙུན་བཟང་པོར་གྲགས༎
ཕྲ་ཕུ་བ
སངས་རྒྱས་བཟང་པོ་རིགས་པ་སྨྲ་བའི་མཆོག༎
ཁང་གསར་གྲྭ་ཚང་གི
མཁས་པ་མགར་ཚ་ཕྱོགས་ཀྱི་བློ་གསལ་སྐྱོང༎
སློབ་དཔོན་ལ
ལྷ་ཡི་བཙུན་པ་ཉིད་ཀྱི་ཐུགས་མཚོར་ཐིམ༎
སློབ་དཔོན་ཉང་རམ་པ
ལྷུན་གྲུབ་དཔལ་བཟང་གྲུབ་སྤྱོད་ལྷུག་པར་སྟོན༎
སློབ་དཔོན་ནངས་པ
སངས་རྒྱས་བློ་གྲོས་རིགས་པའི་རལ་གྲི་འཕྱར༎
སྣར་ཐང་སློབ་དཔོན
གྲགས་པ་བཟང་པོ་མངོན་