R70: རྗེ་བཙུན་ཆོས་ཀྱི་རྗེ་གླང་རི་ཐང་པ་བློ་གྲོས་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་མདོ་ཙམ་དུ་བྱ་བ་མོས་པའི་སྟོབས་རབ་ཏུ་བསྐྱེད་པ།

  • Pagination (Witness A): 437
[A:437]གསུང་གིས། གླང་ཐང་པ་རྡོ་རྗེའི་མིང་ཅན་འདི་ནི་ཚུལ་རྣམ་པར་དག་ཅིང། བྱང་ཆུབ་ཀྱི་སེམས་རང་ཤར་དུ་ཡོད། གཞན་གྱི་དོན་ལ་སྐྱོ་ངལ་མེད་པས་ན་བསྟན་པའི་བདག་པོའོཔོའ་ཞེས་དབུགས་དཔྱུང་བར་མཛད་ཅིང། རྡོ་རྗེ་གདན་པ་ཆེན་པོས་སངས་རྒྱས་སྣང་བ་མཐའ་ཡས་ཀྱི་སྤྲུལ་པར་ལུང་བསྟན། ཁོང་པ་རང་གིས་ཀྱང་སྐྱེ་བ་ཐམས་ཅད་དུ་དགེ་སློང་གི་དངོས་པོ་འཛིན་པར་དམ་བཅས་པས་ན། དཔལ་ལྡན་ལྷ་མོ་མངོན་སུམ་དུ་བྱོན་ནས་དྲེའུའི་སྒྲ་ལྷང་ལྷང་པོར་ལན་གསུམ་དུ་བསྒྲགས། དུས་དེ་སྲིད་དུ་སྲུང་མ་བྱེད་ཕྱེད་པར་ཁས་བླངས་པ་སོགས་ཆེ་བའི་ཡོན་ཏན་དང་ལྡན་པ་དེས། རང་ལོ་བདུན་ཅུ་ལ་ཐུག་པའི་བར་དེ་སྲིད་དུ། གླང་ཐང་ཉིས་སྟོང་ལྔ་བརྒྱ་དང། ཤར་བ་སུམ་སྟོང་བརྒྱད་བརྒྱ་གཅིག་ཏུ་བསྡུས་པའི་བཤེས་གཉེན་དམ་པ་མཛད། དེ་བཞིན་གཤེགས་པའི་སྐུ་གདུང་རིང་བསྲེལ་གྱི་སྙིང་པོ་ཅན་གྱི་མཆོད་རྟེན་བཞེངས། པུ་ཏོ་བས་གཙོ་མཛད་པའི་དགེ་སློང་ཉིས་སྟོང་ཙམ་གྱིས་རབ་ཏུ་གནས་པ་མཛད་པ་མཐར་ཕྱིན་པའི་ཚེ། འདི་སྐད་དུ། ཆོས་གྲྭ་འདི་ཤིན་ཏུ་རྒུད་པར་གྱུར་པའི་ཚེ། ཁོ་བོ་ཐངས་གཅིག་འོང་བ་དག་ན་ཡང་ཤིན་ཏུ་དར་ཏེ། གླིང་རི་སྐྱེས་དང་འབྲེལ་བར་གྱུར་པའི་ཚེ་ཐེངས་གཅིག་འོང། ཞེས་པའི་གཏམ། མཆོད་རྟེན་གྱི་དཀར་ཆག་ཡི་གེར་བྲིས་པ་དག་ན་ཡོད་དོ༎ ཞེས་རྒན་པོ་ཀུན་གྱིས་འཐུན་པར་གླེང་ཞིང། རྒུད་པའི་དུས་སུ་འབྱོན་པ་དེ། རིན་པོ་ཆེ་བཟང་པོ་དཔལ་བའམ། ལོཙྪ་བ་ཤཱཀྱ་བཟང་པོའམ། སྤྱན་སྔ་རིན་པོ་ཆེ་གང་རུང་ཞེས་ངོས་འཛིན་ཞིང། དར་བའི་དུས་སུ་འབྱོན་པ་དེ་རྗེ་བཙུན་འདི་ཉིད་དོ། ཞེས་གསུང་པ་དག་ཐོས་སོ༎ གང་ལྟར་ཡང། གླང་རི་ཐང་གི་ཆོས་གྲྭ་འདི་རྒུད་པའི་དུས་སུ་འཁྲུངས་ནས། དར་ཞིང་རྒྱས་པར་མཛད་པའི་གང་ཟང་སྟོབས་