R66: རྗེ་བཙུན་ཐམས་ཅད་མཁྱེན་པའི་བཤེས་གཉེན་ཤཱཀྱ་རྒྱལ་མཚན་དཔལ་བཟང་པོའི་ཞལ་སྔ་ནས་ཀྱི་རྣམ་པར་ཐར་པ་ངོ་མཚར་དད་པའི་རོལ་མཚོ།

  • Pagination (Witness A): 375
[A:375]ཇི་ཙམ་རེག་པའི་རྒྱ་ཁྱོན་དང་མཉམཔྙམ་པ་འཇའ་ཚོན་གྱི་རི་མོ་གསལ་བར་དོད་པ་དང། ཡང་རྒྱུན་མའི་བཞུགས་གདན་དེ་ལས་བཞེངས་པའི་ཚེ་རྟག་ཏུ་ཕྱག་གིས་འཇུ་བའི་ཀ་བ་ཅིག་བཞུགས་གདན་གྱི་གཡས་ཟུར་ཡོད་པ་དེ་ལ། ཕྱག་གཡས་པའི་སོར་མོ་བཞིའི་རྗེས་གསལ་བར་དོད་པ་རྣམས་སོ༎ དེ་དག་ནི་རང་གི་མངོན་སུམ་གྱིས་གྲུབ་པ་དང། སློབ་དཔོན་མཁས་པའི་དབང་པོ་རྗེ་ཉིད་ཀྱི་ཞབས་རྡུལ་ཡུན་རིང་དུ་བསྟེན་པའི་སྐྱེས་བུ་དམ་པ་རྣམས་ཀྱི་གསུང་ལས་ཐོས་པ་དང། གཞན་ཡང་ཡིད་ཆེས་པའི་མཆེད་པོ་དམ་པར་གྱུར་པ་རྗེ་ཉིད་ཀྱི་ཉེ་གནས་ཆེན་མོ་སློབ་དཔོན་ནམ་མཁའ་དཔལ་ལྡན་པའི་གསུང་ལས་ཐོས་པ་རྣམས་ཀྱང་ཕྱོགས་གཅིག་ཏུ་བསྒྲིགས་ཏེ་གསལ་བར་བྲིས་པ་ཡིན་ནོ༎ མགོན་ཁྱོད་ངེས་པར་ཡང་དག་རྫོགས་སངས་རྒྱས༎ ལ་ལར་དག་པའི་སར་བཞུགས་སེམས་དཔའི་ཚུལ༎ གཞན་དུ་སོ་སྐྱེའི་སློབ་དཔོན་མཁས་པའི་སྐུར༎ སྟོན་མཛད་དགེ་བའི་བཤེས་ཁྱོད་ཕྱག་གི་གནས༎ ཤིང་རྟའི་སྲོལ་འབྱེད་པདྨའི་ངང་ཚུལ་ཉིད༎ གྲུབ་པའི་སར་བཞུགས་རྗེ་བཙུན་རྒྱ་གར་དང༎ འཆད་རྩོད་རྩོམ་མཁས་ཀུན་མཁྱེན་རོང་པོའི་ཞབས༎ ཐ་དད་གསུམ་མིན་ཐུགས་རྒྱུད་གཅིག་པའི་སྐུ༎ སྔོན་ཚེ་སྤྲུལ་པའི་ལོ་ཙ་རིན་ཆེན་མཆོག༎ བར་དུ་བཅོམ་ལྡན་རིགས་པའི་རལ་གྲིའི་ཞབས༎ ཐ་མར་སྨྲ་བའི་སེང་གེ་རོང་སྟོན་རྗེ༎ སོ་སོར་སྣང་ཡང་གསུང་རྒྱུན་གཅིག་པའི་སྐུ༎ བཅུ་ཕྲག་བརྒྱད་དང་གསུམ་གྱི་ལོར་བཞུགས་ནས༎ མཚན་ཉིད་ཐེག་པའི་གཞུང་ཚན་དྲུག་ཅུ་དང༎ དབང་དང་གདམས་པ་རྒྱུད་ཆེན་བཤད་པས༎ བསྟན་པའི་འཛིན་ཁྱོད་གངས་ཅན་མཁས་པའི་གཙོ༎ བུ་སློབ་བསྟན་པའི་ཀ་ཆེན་རྣམ་པ་བཞི༎