R66: རྗེ་བཙུན་ཐམས་ཅད་མཁྱེན་པའི་བཤེས་གཉེན་ཤཱཀྱ་རྒྱལ་མཚན་དཔལ་བཟང་པོའི་ཞལ་སྔ་ནས་ཀྱི་རྣམ་པར་ཐར་པ་ངོ་མཚར་དད་པའི་རོལ་མཚོ།

  • Pagination (Witness A): 374
[A:374]མཐོང་མ་མྱོང་བའི་འཇིག་རྟེན་གྱི་ཁམས་མང་པོ་མཐོང་གིན་སྣང་ངོ་ཞེས་གསུང་བ་དང། ལྷ་པའི་སྦུ་བ་གདོང་གི་ཀོ་བ་ལ་གཤེགས་པའི་ཚེ། གོ་མཁན་ན་རེ་ཀོ་བ་བྱིན་གིན་འདུག་པས་ཐམས་ཅད་ཀྱིས་གླིང་པོ་གྱིས་ཤིག་ཅེས་ཟེར་བ་ལ་རྗེ་ཉིད་ཀྱིས་སྐྱིལ་ཀྲུང་མཛད་མཉམ་པར་བཞག་པས། ཀོ་བ་ཆུ་མཚམས་ནས་མཐོ་ཡེར་གྱིས་བྱུང་བ་དང། དཔོན་སློབ་རྣམས་གཙང་དུ་ཆོས་བར་ལ་ཐེགས་པའི་ཚེ། ཡ་འབྲོག་གི་མཚོ་འགྲམ་དུ་རྗེ་ཉིད་ནི་མཉམ་གཞག་ལ་འབྱམས། ཆིབས་མཛོའི་སྣ་ནས་ཁྲིད་མཁན་མེད་པའི་དུས་ཞིག་གི་ཚེ། ཆིབས་མཛོ་དང་བཅས་པ་མཚོ་ནང་དུ་ཤོར། མཛོ་ནི་རྐྱལ་བྱེད་ཀྱིན་འདུག། རྗེ་ཉིད་ནི་ཆུའི་སྟེང་ན་ལིང་ལིང་བ་མ་གཏོགས་བྱིང་བའི་རྣམ་པ་ཅུང་ཟད་ཀྱང་མེད། དེའི་ཚེ་རྗེ་ཉིད་ཀྱི་དབོན་པོ་བློ་གྲོས་ཀྱིས་སྤྱན་འདྲེན་ཐུབ། ན་བཟའ་བངས་པ་ཙམ་ཡང་མེད་པ་ཐམས་ཅད་ཀྱི་འཐུན་སྣང་དུ་གྲུབ་པ་དང། ཡར་ལུངས་སུ་གྲོང་པ་ཅིག་གི་ནང་དུ། དཔོན་སློབ་རྣམས་གདུགས་ཚོད་ལ་སྤྱན་དྲངས་པའི་ཚེ། སྐས་ཀྱི་སྟེང་ནས་ཞབས་གཡས་པ་ཐོག་མཐིལ་དུ་བཞག་དགོས་རྒྱུ་ཡིན་པ་ལ། གཡོན་ཕྱོགས་ན་འཇག་ཐོག་སྲབ་ལ་རྒྱ་ཆེ་བ། ཁྱིམ་བྱ་ཙམ་ཡང་མི་ཐེག་པ་ཅིག་ཡོད་པ་དེའི་སྟེང་ན་གོམས་པ་བཅུ་ཙམ་ཅིག་ཚེག་དི་རི་རི་ཐེགས་བཞུད། དེར་གཞན་དག་རྣམས་རྟབ་རྟབ་པོར་གྱུར་ནས། དེ་ལ་ཐེགས་པ་མེད་དོ༎ ཅེས་ཞུས་པས། སླར་ཡང་ཚུར་ལ་ཚེག་དི་རི་རི་ཕེབས་ནས། སྔར་གྱི་སྐས་གྱི་སྟེང་ནས་གཡས་ཕྱོགས་ལ་ཐེགས་སོ༎ ཡང་ཡར་ལུངས་སུ་ཆེ་ས་དགོན་གསར་བས་གསོལ་ཇ་ཞུས་པའི་ཀརྨ་གན་དཀར་ལ་ཚེམས་གསུམ་གྱི་རྗེས་དོད་པ་དང། ནཱ་ལེནྟྲཱར་རྒྱུན་དུ་གསོལ་དཀར་མཛད་པའི་ཀརྨ་གན་དཀར་ཅིག་ལ་ཞལ་གྱི་མཆུས་