R66: རྗེ་བཙུན་ཐམས་ཅད་མཁྱེན་པའི་བཤེས་གཉེན་ཤཱཀྱ་རྒྱལ་མཚན་དཔལ་བཟང་པོའི་ཞལ་སྔ་ནས་ཀྱི་རྣམ་པར་ཐར་པ་ངོ་མཚར་དད་པའི་རོལ་མཚོ།

  • Pagination (Witness A): 304
[A:304]རྣལ་འབྱོར་གྱི་དྲུང་དུ། ཞི་བྱེད་གསན་པ་ལ་གཤེགས་པའི་ཚེ། གྲུབ་ཆེན་གྱི་ཞལ་ནས། དེ་རིང་འོ་སྐོལ་གྱི་འདིར་རྗེ་བཙུན་དམ་པ་རྒྱ་གར་གྱི་སྤྲུལ་པ་ཞིག་འབྱོན་པའི་མཚན་མ་བྱུང་བས་དགེ་བའི་བཤེས་གཉེན་རྣམ་རྣལ་འབྱོར་པའི་ཆ་ལུགས་ཅན་སུ་བྱུང་ན་བཀུར་སྟི་དང་ཞེ་ས་ལེགས་པར་བྱེད་དགོས་ཞེས་གསུང། དེའི་ཉིན་བདག་ཉིད་ཆེན་པོ་ཆོས་གསན་པ་ལ་འབྱོན་གིན་ཡོད་དོ་ཅེས་པའི་ཕོ་ཉ་བས་ཕེབས་སོ༎ དེས་དུས་ཀྱི་ཕོ་ཉ་བ་དེ་ཡང་སེམས་དཔའ་ཆེན་པོ་མུས་པ་དཀོན་མཆོག་རྒྱལ་མཚན་ཡིན་ནོ༎ ཡང་བདག་ཉིད་ཆེན་པོས། ལ་སྟོད་དིང་རིར་བླ་མ་བློ་གྲོས་རྒྱ་མཚོའི་དྲུང་དུ། རྗེ་བཙུན་དམ་པ་རྒྱ་གར་གྱི་ཞལ་གདམས་མ་ལུསལུ་པ་གསན་པ་ལ་ཕེབས་པའི་ཚེ། བླ་མ་དེའི་མཚན་ལམ་དུ་དམ་པ་ཀུན་དགའ་ཡིན་ཟེར་བའི་དགེ་བའི་བཤེས་གཉེན་ལང་ཚོ་དར་ཡོལ་གཅིག་བྱོན་ནས། ཁྱེད་ལ་ཕ་དམ་པ་སངས་རྒྱས་ཀྱི་ཆོས་རྣམས་ཞུ་བ་ཡིན་ཟེར། དེ་ལ་ཉིད་རང་མཁས་བྱས་པས། སྔར་མཁས་ཀྱང་བར་དུ་སྐྱེ་བ་གཞན་ལེན་དགོས་པ་བྱུང་བ་ཡིན་ཞེས་ཟེར། དེའི་ཕྱི་ཉིན་བདག་ཉིད་ཆེན་པོས་ཕེབས་སོ༎ དེ་ལ་བརྟེན་ནས་རྗེ་བཙུན་དམ་པ་སངས་རྒྱས་ཀྱི་སྐུའི་སྐྱེ་བ་ཡིན་པར་ཀུན་ལ་གྲགས་སོ༎ དོན་འདི་ལ་ཡིད་ཆེས་པའི་རྒྱུ་མཚན་གཞན་ཡང་མང་དུ་སྣང་སྟེ། སྤྱིར་དབུ་མ་རང་རྒྱུད་ཀྱི་བསྟན་བཅོས་དང། ཁྱད་པར་ཀཱ་མ་ལ་ཞི་ལའི་གསུང་རབ་ལ་ལྟ་བའི་རྒྱབ་རྟེན་མཛད། བསྒོམ་པ་ཉམས་སུ་ལེན་པའི་རིམ་པ་ཡང་བསྒོམ་རིམ་ཐོག་མཐའ་བར་གསུམ་གྱི་ལུགས་དང་འཐུན་པར་ཐུགས་ཉམས་སུ་བཞེས་ཤིང་གཞན་ལ་འདོམས་པར་མཛད། དེ་གསུམ་གྱི་རྣམ་བཤད་རྒྱས་པ་མཛད་པ་པོ་སྔོན་མ་བྱུང་ཡང། རྗེ་འདི་ཉིད་ཀྱིས་མཛད་ཅིང། དེ་ལྟ་བུའི་རྣམ་བཤད་ངོ་མཚར་ཅན་དེ་ནི། རྗེ་ཉིད་ཀྱིས་མཛད་པའི་གསུང་རབ་རྣམས་ཀྱི་ནང་ནས་ཁྱད་པར་དུ་འཕགས་པ་ཅིག་ཡིན་ནོ༎ ཡང་རྗེ་བཙུན་དམ་པ་རྒྱ་གར་གྱི་གསུང་རབ་ལ་ཐུགས་ཤིན་ཏུ་དད་ཅིང་དེའི་གསུང་རབ་སྣ་གཅིག་ཙམ་བཞུགས་པའི་དགེ་བའི་བཤེས་གཉེན་པ་དག་གང་ན་སྣང་ཡང་དེ་ལ་ཁེངས་དྲེགས་མི་