R66: རྗེ་བཙུན་ཐམས་ཅད་མཁྱེན་པའི་བཤེས་གཉེན་ཤཱཀྱ་རྒྱལ་མཚན་དཔལ་བཟང་པོའི་ཞལ་སྔ་ནས་ཀྱི་རྣམ་པར་ཐར་པ་ངོ་མཚར་དད་པའི་རོལ་མཚོ།

  • Pagination (Witness A): 365
[A:365]ཡང་མ་ནུས་ཤིང། མི་བཞིས་ཁྲི་ལ་བཏེག་ཀྱང་ཤིན་དུ་ལྕི་བར་སྣང་བའི་ཕྱིར་རོ༎ དཔེར་ན། རྩེ་ཐང་པའི་སློབ་དཔོན་སྟོན་པའི་ལག་ཏུ་ཞབས་གཡས་པའི་མཐེབ་ཆེན་གྱི་སོན་མོ་རང་པོ་གཅིག་ཁོར་རང་གིས་ཞུས་ནས་ཡོད་པ་དེ། དུས་ཕྱིས་ཐམས་ཅད་ཉ་ཕྱིས་ཀྱི་རང་བཞིན་དུ་སོང་ནས་སེན་མོ་རང་ག་བའི་རྣམ་པ་ཅུང་ཟད་ཀྱང་མེད་པ་དང། དབོན་པོ་རིན་ཆེན་དཔལ་བཟང་པོའི་ཕྱག་ཏུ་ཚེམས་གཅིག་བྱོན་པ་ལ་དུས་ཕྱིས་ཚེམས་རང་ག་བའི་རྣམ་པ་དེ་གནས་གྱུར་ནས་སྤོས་ཤེལ་དངས་པའི་རང་བཞིན་ཅན། རིང་བསྲེལ་བརྒྱ་ཕྲག་གིས་བྱུར་བུར་བལྟམས་པ་གཅིག་བྱུང་བ་དང། མི་ཉག་བློ་བཟང་ལ་ཉེ་གནས་ཀྱིས་ཚེམས་གཅིག་བྱིན་པ། མི་ཉག་གི་ལག་ཏུ་སླེབ་མ་ཐག་ཏུ་རིང་བསྲེལ་གཅིག་འབུར་གྱིས་བྱོན། དུས་ཕྱིས་རིང་བསྲེལ་གཅིག་པོ་དེ་བོག་པའི་ཤུལ་ནས་ཡང་ཅིག་བྱོན། དེ་ཡང་ཕོག། དེའི་ཤུལ་ནས་ཅིག་འབྱོན་གྱིན་ཡོད་པར་ཐོས་པ་ལྟ་བུའོ༎ དེ་ལ་འདི་སྐད་ཅེས། མི་ཕམ་ཞལ་གྲུབ་གྲུབ་པའི་སར་བཞུགས་པས༎ ཀུན་གྱི་ཡོངས་འཛིན་འཛིན་མའི་ཁྱོན་དག་ཏུ༎ གཞན་ལས་རབ་འཕགས་འཕགས་པའི་ཐུགས་མངའ་བ༎ ཀུན་མཁྱེན་རོང་སྟོན་སྟོན་པའི་རྒྱལ་ཚབ་ཡིན༎ གང་ལ་རབ་མཁས་མཁས་པ་ཀུན་གྱི་མཆོག༎ སྐུ་གསུང་རབ་བཙུན་བཙུན་པ་ཡོངས་ཀྱི་རྗེ༎ ཉིད་ཐུགས་རབ་བཟང་བཟང་པོའི་ཕྲིན་ལས་ཅན༎ དཔལ་ལྡན་ཆོས་རྗེ་རྗེ་བཙུན་དམ་པའི་ཞབས༎ ཞབས་ཟུང་གུས་པས་བསྟེན་པའི་སློབ་མ་ཀུན༎ ཀུན་ནས་ཡངས་པའི་མཁྱེན་བརྩེས་རྗེས་བཟུང་ལ༎ ལ་ལ་མིན་པར་དུས་རྣམས་ཐམས་ཅད་དུ༎ དུ་མས་བསྔགས་པའི་ཁྲི་ལ་འཁོད་གྱུར་ཅིག༎ བཅུ་ཕྲག་ལོ་ལ་གཙུག་རྒྱན་ཆུ་གཏེར་དུ༎ ཞབས་རྡུལ་པདྨོའི་ཕྲེང་བ་ཉེར་བླངས་ནས༎