R40: རྗེ་བཙུན་བླ་མ་མུས་པ་ཆེན་པོའི་རྣམ་པར་ཐར་པ་ངོ་མཚར་རྒྱ་མཚོ།

  • Pagination (Witness A): ༥༩༥
[A:༥༩༥]བཟང་བ་ལྷའི་དབང་པོ་བརྒྱ་བྱིན། ནོར་ཕྱུག་པ་རྣམ་ཐོས་ཀྱི་བུ་བྱུང་ཀྱང་འདོད་པ་མེད་ཅེས་པའི་ཞུ་ཕོད་ཕུལ་བ་དེ་ཐུགས་ལ་མངའ་བས། འདི་ལྟ་བུའི་ཞལ་ད་གནང་བའི་སྒོ་མེད་ཅེས་ཞུས་ཏེ། ཞུ་བ་དཀའ་སེ་བ་ཞིག་ལ་གྲུབ་བོ། །དེ་དག་གི་སྐབས་སུ་ཡོངས་འཛིན་གཞན་ལས་དམ་པའི་ཆོས་ཇི་ལྟར་གསན་པའི་ཚུལ་ནི། བྱང་སེང་པའི་གཅུང་པོ་མཁན་ཆེན་བརྟན་བཟང་པ་ལ་བ་རི་བའི་བསྐང་བཟློག་གསན། བྱང་སེང་བའི་སློབ་ཆུང་བཀྲ་ཤིས་རྒྱལ་བ་ལ་འདུལ་བའི་གླེང་འབུམ་གསན། མཁན་ཆེན་བརྟན་རྒྱལ་བ་ལ་བུ་སྟོན་ཆོས་འབྱུང་དང༌། དོན་ཞགས་ལྷ་ལྔའི་དབང་ལ་སོགས་པ་གསན། བླ་མ་ཀུན་བློ་པ་ལ་སྤྱོད་འཇུག་དང་འདུལ་བ་ལུང་ལ་སོགས་པ་གསན། གངས་པ་ཀུན་དགའ་བཟང་པོ་བ་ལ་སུམ་པ་ལོ་ཙཱ་བའི་སྙན་བརྒྱུད་གསན། །སྤོས་ཁང་པ་རིན་རྒྱལ་བ་ལ་ཆེད་དུ་བརྗོད་པའི་ཚོམས་གསན། གནས་རྙིང་པ་རིན་རྒྱལ་བ་ལ་ཞི་བྱེད་ཀྱི་སྐོར་པུསྟི་དྲུག་ཙམ་གསན། བདག་ཆེན་གཞི་ཐོག་པ་བློ་གྲོས་རྒྱལ་མཚན་པ་ལ་ཚད་མའི་ཐུན་ཚགས་གསན། མི་ཉག་ཇོ་གདན་དཔལ་བཟང་བ་ལ་ཆོས་ཅུང་ཟད་དང༌། མངའ་རིས་པ་བྷ་དྲ་ཤྲཱི་ལ་ཕྱག་དྲུག་པའི་སྐོར་ཁ་ཅིག་དང༌། ཇོ་ནང་དུ་སྒྲུབ་པ་པོ་དབུས་མ་ལ་རྡོ་རྗེ་སེམས་དཔའི་བསྒོམ་བཟླས་གསན། ཧོར་བཀའ་བཞི་པ་སེང་གེ་རྒྱལ་མཚན་ལ་གྲུབ་ཐོབ་བརྒྱད་ཅུའི་བསྟོད་པ་དང༌། ལམ་འབྲས་པ་བློ་བཟང་པ་ལ་ལམ་ཟབ། བླ་མ་བཀའ་བཞི་པ་དཔལ་ལྡན་སེང་གེ་ལ་ས་སྡེའི་པུསྟི་བཞི་ཙམ་དང༌། བྱང་ཆེན་དུ་བྱ་བྲལ་བ་བསོད་བློ་བ་ལ་མ་ཎིའི་ལུང་རྣམས་གསན། ཐེག་ཆེན་ཆོས་རྗེའི་དྲུང་དུ་བདེ་མཆོག་ལོ་ཧི་པའི་དབང༌། དབུ་མ་ལུགས་ཀྱི་སེམས་བསྐྱེད་གསན། བཀའ་ལྔ་པ་དཔལ་འབྱོར་ཤེས་རབ་ལ་འཇུག་པའི་བཤད་པ་དང༌། རྟེན་འབྲེལ་སྙིང་པོའི་ཁྲིད་རྣམས་གསན། མདོག་གློ་མཁན་པོ་ཡོན་ཏན་དཔལ་མགོན་པ་ལ་འདུལ་བ་མདོ་རྩ། རྒྱས་འགྲེལ་འོད་ལྡན་ལ་སོགས་པ་གསན། གཙང་གཞུང་པ་སློབ་དཔོན་ཚུལ་བཟང་བ་ལ་དཔེ་ཆོས་རིན་སྤུངས་དང༌། ལྷ་ས་གྲུ་ཁུད?ཁུང་