R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༡༩༢
[A:༡༩༢]སྙིང་པོ་རྒྱན་གྱི་རྒྱུད་ན་ཡོད་པའི་སྒོ་ཉི་ཤུ་རྩ་ལྔ་པོ་ལོགས་སུ་ཕྱུང་བའམ། ཆ་མཐུན་པའི་རྒྱུད་དོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་གསང་བ་རྒྱན་གྱིས་བཀོད་པ་ཞེས་བྱ་བའི་རྒྱུད་ཀྱི་རྒྱལ་པོ། པཎྜི་ཏ་སུ་ག་ཏ་ཤྲཱི་དང༌། ཆོས་རྗེ་ས་སྐྱ་པའི་འགྱུར། འདི་ལ་དཀྱིལ་འཁོར་བདུན་ཡོད་དོ། །གསང་བ་ནོར་བུ་ཐིག་ལེའི་རྒྱུད། པཎྜི་ཏ་བདེ་གཤེགས་དཔལ་དང་ས་སྐྱ་ལོ་ཙཱ་བའི་འགྱུར། འདི་ལ་དཀྱིལ་འཁོར་གཅིག་ཡོད་དོ། །འདི་རྣམས་ཀྱི་བརྒྱུད་པ། ཕུར་པ་རྩ་དུམ་དང་མཐུན་ནོ། །གསུམ་པ་སྤྱོད་པའི་རྒྱུད་ལ། དེ་བཞིན་གཤེགས་པ་དང༌། པད་མ་དང༌། རྡོ་རྗེའི་རིགས་གཙོ་བོར་སྟོན་པའི་རྒྱུད་སྡེ་གསུམ་ལས། དེ་བཞིན་གཤེགས་པའི་རིགས་གཙོ་བོར་སྟོན་པ་རྣམ་པར་སྣང་མཛད་ཆེན་པོ་མངོན་པར་བྱང་ཆུབ་པ་རྣམ་པར་འཕྲུལ་བ་བྱིན་གྱིས་རློབ་པའི་རྒྱུད། རྩ་བའི་རྒྱུད་རིམ་པར་ཕྱེ་བ་ཉི་ཤུ་རྩ་དྲུག་དང༌། རྒྱུད་ཕྱི་མ་གསང་བ་མཆོག་གི་རིམ་པར་ཕྱེ་བ་ལ། རིམ་པར་ཕྱེ་བ་བདུན། པཎྜི་ཏ་ཤི་ལེཎྜ་བོདྡྷི་དང༌། ལོ་ཙཱ་བ་དཔལ་བརྩེགས་ཀྱི་འགྱུར། འདི་ལ་རྩ་བའི་རྒྱུད་ལ་དབང་བསྐུར་བའི་དཀྱིལ་འཁོར་གསུམ། རྒྱུད་ཕྱི་མ་ལ་གཅིག་ཡོད། འདིའི་རྒྱུད་ཕྱི་མ་ད་དུང་མ་རྫོགས་པ་འདྲ་སྟེ། འགྲེལ་པར་རྒྱུད་ཕྱི་མ་ནས་དྲངས་པའི་ལུང་རྣམས་མ་བྱུང་བའི་ཕྱིར་རོ། །བརྒྱུད་པ་ནི། སངས་རྒྱས། འཇམ་དཔལ། ཛེ་ཏ་རི། མྱ་ངན་མེད་པའི་དཔལ། རོལ་པའི་རྡོ་རྗེ། བ་རི་བ་ནས་ས་སྐྱ་པ་ལའང་རྒྱུད། བ་རི་བ་ནས་མཆིམས་པ་ལྔ་ལ་བརྒྱུད་པ་ནི། བརྩོན་སེང༌། དོན་ནེ། ཆོས་སེང༌། བློ་བརྟན། ནམ་མཁའ་གྲགས། ཆོས་རྒྱལ་འཕགས་པ། བློ་ཆེན། སེང་རྒྱལ། གར་ཐིག་པ། མཁན་ཆེན་ཤེས་རྡོར་བ་མན་འདྲའོ། །དེ་བཞིན་གཤེགས་པའི་རིགས་ཀྱི་ཡུམ་ལ་སོགས་པ་སྟོན་པའི་རྒྱུད་ནི་མ་རྙེད་ལ། དེའི་རིགས་སུ་གཏོགས་པའི་བཀའ་ཉན། མི་གཡོ་བའི་རྒྱུད་ནི། དེ་བཞིན་