R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༡༧༩
[A:༡༧༩]རེ་རེ་ལ་རབ་བྱེད་བཞི་བཞི་སྟེ་བཅུ་དྲུག པཎྜི་ཏ་སྨྲྀ་ཏིའི་རང་འགྱུར། འདི་ལ་དཀྱིལ་འཁོར་གཅིག་ཡོད་དོ། །དེའི་བཤད་རྒྱུད་སྔགས་ཀྱི་ཆའི་རྒྱུད་རྒྱལ་པོ་སྨྲྀ་ཏིའི་འགྱུར། འདི་ལ་དཀྱིལ་འཁོར་གཅིག་ཡོད་དོ། །དེ་གཉིས་ལས། རྩ་རྒྱུད་འདི། ཕ་ཆོས་ཀྱི་རྗེ་ལས་ཐོབ་ཅིང༌། བཤད་རྒྱུད་ཀྱི་བརྒྱུད་པ་ནི། རྡོ་རྗེ་འཆང༌། ཏཻ་ལོ་པ། ནཱ་རོ་པ། མར་པ། རྔོག་ཆོས་རྡོར། རྔོག་མདོ་སྡེ། ཙད་དྷརྨྨ་རཱ་ཛ། རྒྱ་གསར་བ་རིན་ཆེན་འབུམ། རྒྱ་བསོད་ནམས་འབུམ། བྱ་རིན་ཆེན་འོད། བློ་ཆེན། གར་ཐིག་པ་བསོད་རྒྱལ། མཁན་ཆེན་ཤེས་རྡོར་མན་འདྲའོ།། ༈ །ང་པ་ལ། རྣལ་འབྱོར་ཐམས་ཅད་གསང་བའི་རྒྱུད་ཀྱི་རྒྱལ་པོ་ནི། ལེའུ་བརྒྱ་ལྷག་པ་འགྱུར་དང༌། བརྒྱུད་པ་གོང་བཞིན་ནོ། །འདི་ལ་དཀྱིལ་འཁོར་དགུ་ཡོད་དོ། །འདི་ནི་རྒྱུད་ལས། ཇི་ལྟར་རྣལ་འབྱོར་ནམ་མཁའ་ཉིད། །དེ་ལྟར་རྣམ་པར་སྣང་མཛད་བདག །ཅེས་བཤད་ཅིང༌། སློབ་དཔོན་ཨཱརྻ་དེ་བས་ཀྱང༌། རྣལ་འབྱོར་ནམ་མཁའ་རྣམ་སྣང་དུ་གསུངས་ཤིང༌། འདི་ནི་རྣམ་སྣང་གི་རིགས་སོ། །དཔལ་གཏུམ་པོ་ཁྲོ་བོ་ཆེན་པོ་རྒྱུད་ཀྱི་རྒྱལ་པོ་ལེའུ་ཉི་ཤུ་རྩ་ལྔ་པ། པཎྜི་ཏ་རཏྣ་ཤྲཱི་དང༌། ལོ་ཙཱ་བ་གྲགས་པ་རྒྱལ་མཚན་གྱིས་བསྒྱུར་བ། འདི་ལ་དཀྱིལ་འཁོར་ལྔ་ཡབ་ཡུམ་ཡོད་མེད་ཀྱིས་ཕྱེ་བས་བཅུའོ། །བརྒྱུད་པ་ནི། ཤྲཱི་རི་པ། ཆོས་རྗེ་གྲགས་དོན་པ། ཆོས་རྗེ་པ། དེས་བདག་གོ །འཕགས་པ་མི་གཡོ་བའི་རྟོག་པའི་རྒྱུད་ཀྱི་རྒྱལ་པོ་ལེའུ་བདུན་པ། པཎྜི་ཏ་ཨ་ཏུ་ལ་བཛྲ་དང༌། ལོ་ཙཱ་བ་མར་པ་ཆོས་ཀྱི་དབང་ཕྱུག་གིས་བསྒྱུར་བའོ། །ཁྲོ་བོའི་རྒྱལ་པོ་ཐམས་ཅད་གསང་བའི་རྒྱུད་ཅེས་བྱ་བ་ལེའུ་ལྔ་པ། འདི་ལ་དཀྱིལ་འཁོར་གཉིས་ཡོད་དོ། །མི་གཡོ་བ་གསང་བའི་རྒྱུད་ཆེན་པོ་ལེའུ་བཞི་པ་སྟེ། འདི་ལ་དཀྱིལ་འཁོར་གཉིས་ཡོད་དོ། །འདི་གསུམ་གྱི་བརྒྱུད་པ་ནི། སངས་རྒྱས། འཇམ་དཔལ། ཛེ་ཏཱི་རི་པ། མྱ་ངན་མེད་པའི་དཔལ། རོལ་པའི་རྡོ་