R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༩༥ན
[A:༡༩༥ན] ཕྱག་ལེན་མི་འདྲ་བའི་རྣམ་གཞག་བཤད་པ་ནི། མགྲོན་གཤེགས་པའི་རྗེས་སུ་བྱེད་པ་དང་། མགྲོན་གཤེགས་པའི་གོང་དུ་བྱེད་པའི་ལུགས་གཉིས་སྣང་བ་ལས། དང་པོ་ནི་ཆོས་རྗེ་བླ་མའི་ཀྱཻ་རྡོར་མངོན་རྟོགས་སོགས་ལས་བཤད་ཅིང་། གཉིས་པ་ནི། ཡར་ལུང་པ་སོགས་ཀྱི་ཕྱག་ལེན་ཡིན་པས་གཉིས་ཀ་ཡང་ལུགས་ཚད་ལྡན་རེ་ཡིན་པར་གསུངས་ཤིང་། ད་ལྟ་ཕྱག་ལེན་ལ་སྔ་ཕྱི་གཉིས་ཀ་མཛད་པ་འདི་ཡིན་ལ། གཏོར་མ་ཕྱིར་འབུལ་བའི་དགོས་པ་ལ། ཐུན་གཏོར་ཕྱིར་འབུལ་བ་ནི་ཐུན་གཅིག་གི་བྱ་བ་རྫོགས་པས། ཐུན་གཤམ་བསྡུད་པའི་ཆེད་ཡིན་པར་སྣང་ལ། བསྐང་གཏོར་དང་བརྟེན་གཏོར་རྣམས་ཕྱིར་འབུལ་བ་ནི་ཆེད་དུ་གཏད་པའི་དམིགས་པ་གསལ་བའི་ཆེད་དང་། གཏང་རག་གི་ཚུལ་དུ་ཡིན་པར་བཞེད་ཅིང་། དེ་ཡང་གཏོར་མ་རྣམས་ཁང་པའི་ཡང་ཐོག་ལ་སོགས་པར་ཁྱེར་ཏེ་དགྲ་ཕྱོགས་སུ་ཁ་བསྟན་ནས་འབུལ་བ་ནི། གཏོར་མ་འདི་