R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༤༠ན
[A:༤༠ན]མིང་དཔལ་ལྡན་ལྷ་མོ་ནག་མོར་བཏགས། ཁོལ་མོའི་མིང་རྡོ་རྗེ་གློག་མ་སྤྲིན་དུ་བཏགས། ཕྱག་རྒྱ་ཆེན་པོའི་དབང་བསྐུར་ལས་ཀྱི་ལྷར་བྱིན་གྱིས་བརླབས། ལྷ་མོ་དཔོན་གཡོག་གིས་ཀྱང་དཔལ་རྟ་མགྲིན་ལ་རང་རང་གི་སྲོག་གི་སྙིང་པོ་ཕུལ་ནས་བསྟན་པ་བསྲུང་བར་ཁས་བླངས་ཏེ། དེ་ནས་སྔོན་གྱི་མ་ལྷ་མོ་ཨུ་མ་དང་། སྲིན་མོ་ན་ལ་རྩེ་གཉིས་ཀྱིས་ཀྱང་བུ་མོ་གཉིས་དྲན་ནས་སྲིན་ལག་གི་རྩེས་ནུ་ཞོས་འཐོར་ཞིང་། དྲེད་མོའི་རལ་པས་གཡབ་ནས་བོས་པས་བུ་མོ་གཉིས་རང་དབང་མེད་པར་མ་གཉིས་ཀྱི་དྲུང་དུ་སླེབས། དབང་བསྐུར་ཞིང་དམ་ཚིག་བསྒྲགས། བསྟན་པའི་སྲུང་མར་བསྐོས་སོ། །ལྷ་མོ་དཔོན་གཡོག་གཉིས་ལ་འཁོར་ལོས་བསྒྱུར་བའི་རྒྱལ་པོས་ཀྱང་། རང་གི་རྩའི་ཁྲག་དང་ཁུ་བའི་མཆོད་པ་བྱས་ཏེ་ལྷ་དང་མིའི་རྒྱལ་སྲིད་ཕུལ། རྨ་བྱ་རིན་པོ་ཆེའི་གཤོག་པ་ཅན་སྤྱི་བོར་ནོར་བུ་རིན་པོ་ཆེ་ཡོད་པ་གཅིག་རྗེ་མོ་ལ་ནོར་སྐལ་དུ་སྦྱིན།