R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༧༩བ
[A:༡༧༩བ] བག་ཡོད་ཅིང་རང་ཉིད་ལ་བརྩེ་བས་མི་འདོར་བ་ཅིས་ཀྱང་གལ་ཆེའོ། །བཞི་པ་ཇི་ལྟར་ཉམས་སུ་ལེན་པའི་ཚུལ་ལ་གསུམ་སྟེ་བསྙེན་པ། སྒྲུབ་པ། ལས་ལ་སྦྱོར་བའོ། །འདི་གསུམ་ལ་བོད་པ། རྦད་པ། བསད་པ་ཞེས་པའི་ཐ་སྙད་ཀྱང་མཛད་ཅིང་། དཔེར་ན་སྐྱེས་བུ་དཔའ་བོ་གཡུལ་འགྱེད་པའི་དགྲ་ཐབས་དང་ཚུལ་མཚུངས་པ་ཡིན་ཏེ། སྐྱེས་བུ་དེས་ཐོག་མར་དེ་འདྲའི་གཡུལ་འགྱེད་པར་ནུས་པའི་མི་དག་ལ་མགུ་བའི་གཏམ་སྨྲ། ཟས་གོས་ཁང་གཞིས་སོགས་དཔག་མེད་བྱིན་ནས་དགའ་བ་རུ་མ་གྱུར་གྱི་བར་དེ་སྲིད་དུ་འབད་རྩོལ་དྲག་པོས་འགུགས་པར་བྱེད་པ་ལྟར། འདིར་ཡང་དམ་ཚིག་དང་སྡོམ་པ་ལེགས་པར་བསྲུང་ཞིང་། ལྷའི་རྣལ་འབྱོར་དང་སྔགས་ཀྱི་བཟླས་བརྗོད་དང་མཆོད་གཏོར་ལ་རྩེ་གཅིག་ཏུ་འབད་པས། ཟླ་བ་དྲུག་ལ་སོགས་པའི་ཚེ་མགོན་པོ་འཁོར་བཅས་བདག་ཉིད་ལ་ཉེ་བར་གྱུར་པའི་རྟགས་འབྱུང་བ་ནི་བསྙེན་པའོ། །དེ་ནས་དཔུང་གི་ཚོགས་བསྡུས་ཏེ་གོ་ཁྲབ་བསྐོན། མཚོན་ཆ་