R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༧༩ན
[A:༡༧༩ན] དེའི་དབང་གིས་འགྲོ་བ་དེ་དག་ཀྱང་མནར་མེད་ལ་སོགས་པའི་གནས་སུ་ཡུན་རིང་ཞིང་དོས་དྲག་པའི་སྡུག་བསྔལ་མྱོང་བའི་གནས་ཚུལ་ལེགས་པར་བསམ་སྟེ། ལས་འཇམ་པོ་གསུམ་གྱིས་བཟློག་པའི་ཐབས་ལ་འབད། དེ་དག་གང་གིས་ཀྱང་བཟློག་པར་མ་ནུས་ན། སྙིང་རྗེ་ཆེན་པོས་ཀུན་ནས་བསླངས་ཏེ། འདིའི་བསྙེན་བསྒྲུབ་མཐར་ཕྱིན་པས་མངོན་སྤྱོད་ཀྱི་ལས་ལ་བརྩོན་པར་བྱའོ། །དེ་ལྟར་བསྒྲུབས་པས་བསྒྲུབ་བྱ་དེ་དག་ངན་སོང་གི་རྒྱུ་འབྲས་ལས་བསྒྲལ་ཏེ་ཐར་ལམ་ལ་བཀོད་པ་དང་། བསྟན་པ་དང་སེམས་ཅན་ལ་ཕན་བདེ་འབྱུང་བས། དེའི་སྟོབས་ཀྱིས་རང་རྒྱུད་ལའང་བསོད་ནམས་ཀྱི་ཚོགས་རླབས་པོ་ཆེ་བདེ་བླག་ཏུ་རྫོགས་པར་འགྱུར་བའོ། །ཡུལ་དེ་ལྟ་བུ་མིན་པ་ལ་རང་འདོད་ཀྱིས་ཀུན་ནས་བསླངས་ཏེ་དྲག་པོའི་ལས་སྦྱོར་བརྩམས་ན་དམ་ཚིག་ཉམས་པས་ནག་པོ་ཆེན་པོ་ཁྲོས་ཏེ་རང་ཉིད་ལ་ཆད་པས་གཅོད་ཅིང་། རྡོ་རྗེ་དམྱལ་བ་མི་ཟད་པའི་གནས་སུ་སྐྱེ་བར་གདོན་མི་ཟ་བར་གསུངས་པས། ཚུལ་འདི་ལ་