R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༣༦བ
[A:༣༦བ]དུ་སྦས་ནས་སེམས་ཅན་ལ་གནོད་པ་བྱ་བར་བསམས་ནས་ཕྱིན་ཙ་ན་བཙན་སྐྱ་རྡོ་རྗེ་ཟླ་བ་དང་ཕྲད་དེ། དེ་ན་རེ། བདུད་མོ་ནག་མོ་ལ་ཆགས་པ་སྤྱད་ལ་བཏང་ངོ་ཟེར་ནས་མོ་བཟུང་སྟེ་ཆགས་པ་སྤྱད་པའི་ཁུ་བ་ཐིགས་པ་གཅིག་ཛམྦུ་གླིང་དུ་བོ་བ་ནི་ཅོང་ཞི་དཀར་པོ་འདི་ཡིན་ནོ། །བཙན་སྐྱ་རྡོ་རྗེ་ཟླ་བའི་ལག་ན་གང་ལ་བོར་བ་ཕུང་བར་བྱེད་པའི་ཤོ་དྷེའུ་དཀར་ནག་བདུན་ཡོད་པ་མོ་ལ་བྱི་རྔན་དུ་བྱིན་པ་བླངས་ཏེ་ལག་པ་གཡོན་དུ་བཟུང་ནས་ཕྱིན་ཙ་ན། གྲོང་ཁྱེར་སྒྲ་ལྡན་ཞེས་བྱ་བར་རྒྱལ་པོ་སེང་གེ་རྩལ་ལ་བསོད་སྙོམས་བྱས་པས་སྦྲང་རྩི་ལྷུང་གཟེད་གང་བྱིན་ནས། སྦྲང་རྩི་ལག་ཏུ་ལེན་ཁར་རྒྱལ་པོའི་ཁོལ་མོས་ཧུབ་གང་འཐུངས་ནས་བདུད་མོ་ལ་བྱིན་པ་མོས་འཐུང་ཙམ་ན་བར་སྣང་གི་ལྷ་རྣམས་ཀྱིས། བདུད་ཀྱི་བུ་མོ། རྒྱལ་པོའི་ཁོལ་མོའི་ལྷག་མ་དང་ཁ་འཕྲོ་འཐུངས་པས་ཆེ་བ་ཉམས་ཟེར་བས་བདུད་མོ་ཡིད་འཁྲུགས་ཏེ་ཁྲོས་ནས། རྒྱལ་རིགས་ལ་རིམས་ནད་བཏང་ངོ་།