R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༣༧ན
[A:༣༧ན]།དེར་རྒྱལ་པོས་བསྐོར་ཟངས་ཀྱི་དྲ་བ་མིག་དགུ་ཕུལ་ནས་རིམས་ནད་བཅད་དོ། །དེ་ནས་བདུད་མོ་རེ་མ་ཏིས་རྒྱ་མཚོའི་འགྲམ་དུར་ཁྲོད་ཆེན་པོ་རོའི་ཚལ་དུ་སྔོན་གྱི་རྗེ་མོ་དུང་སྐྱོང་མའི་སྤྱན་སྔར་ཕྱིན་ཏེ། དཔོན་གཡོག་གཉིས་འགྲོགས་ནས་སྲིད་པ་གསུམ་གྱི་སེམས་ཅན་ཟད་ཅིང་སྟོང་པར་བྱེད་པའི་དུས་གཡོག་མོས་བོང་བུའི་ཕྱིར་བརྒྱུགས་པས་ཐང་ཆད་དུབ་པ་ན། ཇོ་མོ་ན་རེ། ངའི་བོང་བུ་འདི་ལ་ཕྲུག་གུ་གཅིག་བྱུང་ན་ཁྱོད་ལ་ཞོན་པར་སྦྱིན་ནོ་ཞེས་ཁས་བླངས། དེ་ནས་ཇོ་མོའི་བཞོན་པ་སྲིན་པོའི་བོང་བུ་གྭ་དམར་དང་། སྲིན་མོ་ན་ལ་རྩེའི་རྒོད་མ་ཟངས་ཀྱི་སོ་ཅན་གཉིས་ཆགས་པ་སྤྱད་པ་ལས། དྲེའུ་སྔོན་མོ་རླུང་གི་གཤོག་པ་ཅན་གཅིག་བྱུང་བ་ལ། རྒྱུ་མའི་མཐུར་བརྒྱུས་ཟངས་ཀྱི་སྒ་བསྟད་ནས་ཇོ་མོས་ཁོལ་མོའི་བཞོན་པར་བྱིན་ནོ། །དེ་ནས་ཇོ་མོས་བོང་བུ་གྭ་དམར་ལ་ཞོན། ཁོལ་མོ་དྲེའུ་སྔོན་མོ་ལ་ཞོན།