R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༢༦བ
[A:༡༢༦བ]དང་། རྗེ་འདི་ཉིད་རླུང་དྲག་པོ་གསུམ་འབུད་པ་གནང་རྗེས་རྗེའི་གསུང་ལས། བྲན་བདུད་འདི་ལ་རྗེས་གནང་ཞིག་དགོས་པས། དེ་མ་བྱས་པར་འདིའི་ལུང་བྱས་པས་ཁོ་མ་དགའ་ཟེར་བ་ཡིན་པ་འདུག་གསུངས་བྱུང་བས། མུས་སྟོང་དཔོན་སོགས་སྐུ་གཞོགས་ན་ཡོད་པ་ཐམས་ཅད་ལ་མཐུན་པར་ལུས་ཟི་བུན་བྱེད་པ་བྱུང་ཞེས་ཁོང་རང་རྣམས་ལས་དངོས་སུ་ཐོས་པས། འདི་ནི་ལས་ཀྱི་གཤིན་རྗེ་ནག་པོ་ཡབ་ཡུམ་གྱི་གདུག་རྩུབ་ཀྱི་ཆོ་འཕྲུལ་རྗེ་འདིའི་ཏིང་ངེ་འཛིན་གྱི་ཟིལ་གྱིས་མནན་ནས་བྲན་དུ་བཀོལ་བ་ལ་ཐེ་ཚོམ་མི་དགོས་པར་མངོན་ཞིང་། ཡང་སྐབས་ཤིག་གླིང་དགའ་བླ་བྲང་དུ་རྗེ་དཔོན་སློབ་རྣམས་མི་བཞུགས་པའི་སྐབས་ཤིག་ན་ངན་པ་ཞིག་གིས་རྐུན་མ་ཚབས་ཆེན་བྱས་པ་ལ། རྗེ་འདི་ཤིན་ཏུ་ཐུགས་ཁྲོས་པའི་ཚུལ་གྱིས་ཆོས་སྐྱོང་མཐུ་རྩལ་ཅན་རྣམས་ཀྱི་མཚན་ནས་བརྗོད་ཅིང་། རྐུན་མ་ངན་པ་དེ་ད་ལྟ་ཉིད་དུ་རྩད་ཆོད་ཅིག ཅེས་གསུང་ཤུགས་ཆེན་པོས་གསུངས་ཤིང་ཕྱག་བརྡབས་པ་སོགས་མཛད་