R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༢༥བ
[A:༡༢༥བ]འདུག་པས་ཤིན་ཏུ་ངོ་མཚར་བའི་གནས་སུ་སྣང་ཞིང་། གཞན་ཡང་བསྟན་སྲུང་དབང་པོ་རྣམས་བཀའ་ལས་མི་འདའ་བར་བྲན་བཞིན་དུ་ཁོལ་བའི་ཚུལ་ནི། རྗེ་ཉིད་གླིང་དགའ་བདེ་བ་ཅན་གྱི་གདན་སར་ཕེབས་ནས་ཧ་ཅང་ཡུན་མི་རིང་བ་ཞིག་ན་ཟབ་དོན་ནཻ་གུ་ཆོས་དྲུག་གི་ཁྲིད་གནང་བའི་ཚེ། དེའི་ཚོགས་འཁོར་གྱི་ཡོ་བྱད་ལ་དགོས་པའི་ཤ་སོགས་སྤུས་དཀོན་པ་ཙམ་བྱུང་བ་ལ། སྐབས་དེར་འབྲོག་གཞོན་ཞིག་གིས་ཤ་སྟོབས་ཆེ་བ་རྗེ་ཉིད་ལ་ཕུལ་བས། ཤིན་ཏུ་དགྱེས་ཤིང་ཁྲིད་ཞུ་བ་རྣམས་ལའང་ཚོགས་འཁོར་རྒྱ་ཆེན་པོ་མཛད་ཅེས་ཐོས་ལ། དེ་ནས་འབྲོག་པ་དེ་ལོག་ཕྱིན་པའི་གདོང་དུ་རུ་ཚོ་མི་གཅིག་པའི་ངན་པ་འགའ་ཞིག་གིས་བཅོམ་ནས། སླར་འབྲོག་པ་དེ་རྗེའི་ཞབས་དྲུང་དུ་ལོག་བྱུང་ནས་སྨྲེ་སྔགས་དུ་མ་ཞུ་ཡིན་འདུག་པ་ལ། རྗེ་ཉིད་ཐུགས་ཁྲོས་ཏེ་གསུང་ཤུགས་ཆེན་པོས་ཆོས་སྐྱོང་རྣམས་ཀྱི་མཚན་ནས་བརྗོད་ཅིང་། ངའི་ཡོན་བདག་འདི་ལ་གང་མིན་བྱེད་མཁན་དེ་ཚོ་ལ་རྟགས་དང་མཚན་མ་ད་ལྟ་ཉིད་དུ་སྟོན་ཅིག་ཅེས་གསུངས་ཤིང་