R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༡༦བ
[A:༡༡༦བ]སྤྱན་སྔ་བའི་གཅུང་པོ་སོགས་སྐུ་དྲུང་དུ་འབྱོར་བས་རྗེ་ཉིད་ལ་ཟང་ཟིང་གི་འབུལ་རྒྱ་ཆེན་པོ་དང་བཅས་བཤགས་པ་སྙིང་ཐག་པ་ནས་འབུལ་བ་དང་། སླར་འཚུབ་ཆ་མི་ཡོང་བ་དགོས་པའི་སྙན་འབུལ་ཞུ་བར་བྱུང་ཞིང་། ཡང་དུས་ཕྱིས་གདན་ས་ཆེན་པོའི་ལོ་དུས་ཀྱི་སྐུ་རིམ་མགོན་པོ་དྲུག་ཅུ་པའི་གཏོར་བཟློག་དང་། ལོ་དེའི་ཕྱི་མའི་ཟླ་བ་གཉིས་པའི་རྡོ་རྗེ་ཕུར་པའི་གཏོར་བཟློག་གཉིས་ཀའི་ཟོར་ལས་རྗེ་ཉིད་ཀྱིས་ཕྱག་བཞེས་མཛད་པ་ན། དྲུག་ཅུ་པའི་སྐབས་སུ་ལིངྒ་དགུག་གཞུག་མཛད་པའི་དུས། ལིངྒ་གཅིག་གིས་ཕྱག་དྲིལ་ལ་འཇུས་ཤིང་གཅིག་བྲོས་སྟབས་སུ་འགྲོ་བ་མཆོད་གཡོག་པས་མཐོང་བ་དང་། ཕུར་བཟློག་གི་གདབ་ལས་གནང་སྐབས། ལིངྒའི་སྙིང་གར་འོད་ཡུངས་འབྲུ་ཙམ་ཞིག་འདུག་པ་གཅེན་ལུང་སྡེ་པ་བྱ་བཏང་བ་ཕྱག་འདེགས་ལ་ཡོད་པས་མཐོང་ནས། རྗེ་ཉིད་ལ་དོགས་གཅོད་ཞུ་བ་ངེད་རང་གིས་ཐོས་ཤིང་། ཡང་རྗེ་ཉིད་ཀྱིས་ཚ་མོ་རོང་གླང་གི་བྲག་ལ་ཕུ་རི་རྡོ་རྗེའི་བྲག་རྫོང་ཁམས་གསུམ་ཟིལ་