R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༡༦ན
[A:༡༡༦ན]གནང་བར་དགོངས་པ་ན། ཕྱོགས་དེའི་ཟངས་རི་ཁང་དམར་པ་དཔོན་གཡོག་རྣམས་སྦུགས་ཞུགས་ཀྱིས་གྲུབ་མཐའི་ཕྱོགས་འཛིན་གྱི་ཀུན་སློང་ཁོ་ནས་བྲག་ཁ་བ་བརྒྱུད་པའི་མགོན་ཁང་དུ་ཐུགས་དམ་མི་གནང་བ་དགོས་ཚུལ་ཞུས་བྱུང་བ་ན། ཉིད་ཀྱི་གསུང་ལས། མགོན་ཁང་དུ་བསྐང་གསོ་མ་བྱས་པས་ཆོག འཚུབ་ཆ་བཞིན་བྱུང་ན་ཁག་མེད་དོ་གསུངས་ནས། བཞུགས་གནས་དེ་ཀར་དུས་གཏོར་འཛུགས་པ་གནང་བ་ན། སྤྱན་འདྲེན་གྲུབ་ནས་བྱོན་སྐྱེམས་ཕུལ་མཚམས་གློ་བུར་དུ་སྤྲིན་ནག་འདུས་ཏེ་གློག་མང་དུ་འཁྱུག་པ་དང་། ཐོག་འབྲུག་གི་སྒྲ་རྒྱུན་མི་འཆད་པ་དང་བཅས་སེར་བ་མཐེ་བོང་ཙམ་གདན་ས་མཐིལ་དང་། ཟངས་རི་གཉིས་ཀར་བབས་ཅིང་། ཟངས་རིའི་རྫོང་དུ་ཐོག་བབས་པས་ལྕགས་རི་ཉིས་རིམ་འགྱེལ་བ་སོགས་ཆོས་སྐྱོང་གི་རྩུབ་འགྱུར་ཤིན་ཏུ་ཆེ་བ་བྱུང་བས་ཀུན་ཀྱང་འཇིགས་ཤིང་ཧ་ལས་ཏེ། དེར་ཡོད་ཀྱི་དཔོན་ས་དཔོན་གཡོག་རྣམས་དང་།