R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༡༥བ
[A:༡༡༥བ]གི་གསེབ་ཏུ་མགོན་པོའི་ལས་མཁན་དུ་མ་དང་། མེ་ལྷབ་ལྷབ་འབར་བ་མངོན་སུམ་དུ་མཐོང་ཞིང་། ཟོར་གཏོར་རྣམས་འཕང་བར་མཛད་པ་ན་བཙོ་གསུམ་སྦྲེལ་དུ་བརྒྱུགས་པ་སོགས་མཐུ་སྟོབས་བསམ་གྱིས་མི་ཁྱབ་པ་མངའ་བའི་རྟགས་མཚན་ངོ་མཚར་ཅན་མང་དུ་སྟོན་པར་མཛད་པ་དང་། དེ་ནས་རྩེས་ཐང་བསམ་གཏན་གླིང་དུ་ཕེབས་ཏེ། དེའི་གཙུག་ལག་ཁང་དང་རྟེན་རྣམས་མཇལ་བར་མཛད་པ་ན། གནས་དེར་སྔོན་དཔལ་ལྡན་བླ་མ་དམ་པའི་ཐུགས་དམ་ཕྱག་ནས་བཞུགས་པའི་ཞལ་བཞི་དངོས་དང་བྱིན་རླབས་མཉམ་པར་གྲགས་པའི་བྲམ་གཟུགས་གྱི་ཞལ་འབག་ཅིག་ཡོད་པ་ལ། རྗེ་ཉིད་ཀྱིས་བྱིན་རླབས་ཞུ་བར་མཛད་པས་ཞལ་འབག་ལས་འོད་སྔོན་པོ་ཞིག་བྱུང་སྟེ། ཉིད་ཀྱི་སྐུ་ལ་ཐིམ་པ་དེར་ཡོད་ཀུན་གྱིས་མཐོང་བ་དང་། དེ་ནས་གདན་ས་མཐིལ་དུ་ཕེབས་པ་ན། ས་ཡུལ་དེར་མགོན་པོ་ཞལ་བཞི་པ་གནས་ངེས་པའི་ས་མཐོང་མགོན་ཁང་དུ་གྲགས་པ་ཞིག་འདུག་པར་ཚེས་བརྒྱད་ཀྱི་ཐུགས་དམ་དུས་གཏོར་