R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༠༣བ
[A:༡༠༣བ]ནས་ཕྱོགས་ཐམས་ཅད་ལ་སོང་བ་དེར་ཡོད་ཀུན་གྱིས་མཐོང་བ་ཡིན་ནོ་ཞེས་གྲགས་ལ། དེ་ནས་ཐུགས་དམ་གསང་གཏོར་དེ་ཉིད་ནག་རྩི་ཤར་སྟེང་ནས་གནང་སྟེ་སྐབས་དེར་སྔགས་འཆང་ཉིད་ཀྱི་གསུང་ལས། ངེད་རང་མཆོད་ཡོན་གྱི་དགྲ་བགེགས་རྣམས་ལ་རྟགས་མཚན་མྱུར་དུ་ཡོང་བ་འདུག་པས། གཏང་རག་ཏུ་ས་སྐྱའི་མགོན་ཁང་རྣམས་སུ་ཐུག་ཁ་གསོ་བ། སྤྱན་གཟིགས། གཏོར་གསོས་བསྐང་གསོ་སོགས་ཟབ་པར་མཛོད་གསུངས་ཤིང་། དེ་ནས་སྡེ་སྲིད་ཞལ་ངོ་རྣམས་ཀྱིས་ཚོགས་འཁོར་རྒྱས་པར་ཞུས་ནས། སོ་སོ་ནས་འབུལ་སྒྲུབ་བསམ་གྱིས་མི་ཁྱབ་པ་གནང་སྐབས་སུ་སྔགས་འཆང་ཆོས་ཀྱི་རྒྱལ་པོའི་གསུང་ལས། ད་ལམ་རྟེན་འབྲེལ་ཤིན་ཏུ་ལེགས་ཤིང་། དམ་ཚིག་མཆོག་ཏུ་གཙང་བར་འདུག་པས། རྣལ་འབྱོར་པའི་ལམ་སྒོམ་པའི་རྟགས་ཤིག་འདོན་པ་ཡིན་ནོ་གསུངས་ནས། སིང་སྦལ་ཆེན་མོ་རེ་ཤོང་བའི་དངུལ་སྐྱེམ་མདའ་ཚད་མ་ཞིག་ཆང་གིས་བཀང་ནས། དལ་བུས་བླུགས་ཤིག་ཅེས་