R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༩༩བ
[A:༩༩བ] སྡེའི་བུད་མེད་ཁྱིམ་པ་མོ་རྣམས་ལག་ཏུ་སྟག་དང་འུ་ལུ་ཐོགས། ངག་ཏུ་བྷྱོཿདང་དམོད་མོ་གང་ཤེས་འདོན་བཞིན་པ་དང་། གཞན་ཡང་དགེ་འདུན་ཚོགས་པས་ཤེར་སྙིང་བདུད་བཟློག སྔགས་པ་མང་པོས་དྲག་སྔགས་ཟློས་པ་ལ་སོགས་པའི་ཞལ་བཀོད་དང་བཅས་སྔར་གཏོར་ཟོར་འཕེན་པའི་གནས་སྨན་ཞིང་དུ་ཕེབས་ཏེ། དམ་ཉམས་གནས་པའི་སར་ཞལ་ཕྱོགས་པས་དཔོན་སློབ་བྱིན་པོས་ཕོ་ཉ་བསྐུལ་བའི་རིང་ལ། སྔགས་འཆང་ཆོས་ཀྱི་རྒྱལ་པོས་སློབ་དཔོན་པདྨས་མཛད་པའི་འཇིག་རྟེན་འདས་དང་མ་འདས་ཀྱི་ཆོས་སྲུང་ཐམས་ཅད་ལ་བདེན་པ་བརྡར་ཞིང་དམོད་བཅོལ་རྒྱས་པའི་ཚིག་རྣམས་དང་། རྗེ་བཙུན་གོང་མ་རྣམས་ཀྱི་མན་ངག་ལ་བརྟེན་ནས་མཁས་པ་ཡོན་ཏན་ཁྲིས་མཛད་པའི་དྲང་སྲོང་དམོད་པའི་བསྐུལ་སོགས་དམོད་བཅོལ་དྲག་ཏུ་གནང་ནས། ཐོག་མར་ཟངས་གཞོང་གཅིག་གི་ནང་ན་མཐོ་གང་ཙམ་གྱི་གཏོར་མ་སྨུག་རྩི་སོགས་ཀྱིས་ཁ་མ་བསྒྱུར་བའི་ཟོར་གཏོར་འདྲ་བའི་རྩེར་ནོར་བུ་མིག་གསུམ་དང་། ཟུར་ལ་མེ་