R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༥༥ན
[A:༥༥ན] གཞན་ཡང་ཆོས་སྐྱོང་གི་རྣམ་འཕྲུལ་འཇིགས་སུ་རུང་བ་མང་པོ་བྱུང་གསུངས། དེ་ནས་ས་སྐྱར་ཕེབས་གདོང་དུ་གྲོས་ངན་ཤོམ་པའི་གཙོ་བོ་དེའི་བུ་ཤིན་ཏུ་གཅེས་པ་ཞིག་ཤི གཞན་རྣམས་ལའང་མི་འདོད་པའི་ལྟས་དུ་མ་བྱུང་བས། ཐམས་ཅད་འཇིགས་ཤིང་སྐྲག་ནས་ཞལ་ཏ་གང་གནང་ལྷུར་ལེན་པ་བྱུང་། སེང་གེ་རྩེ་བའི་བདག་མོ་ཆེན་མོས། ངེད་ལ་གཞན་གྱི་བྱད་ཀའི་རྣམ་པས་མི་སྡུག་པའི་ལྟས་ངན་དུ་མ་འབྱུང་བ་ཞིག་འདུག་པ། མགོན་པོའི་སྒོ་ནས་བཟློག་པ་ཞིག་ཅིས་ཀྱང་མཛད་དགོས་ཞེས་ནན་གྱིས་གསུངས་པ་ལ་བརྟེན། མགོན་པོའི་མདོས་གཏོར་སྦྲགས་པ་གཅིག་ཞག་འགའ་བསྒྲུབས་ནས་མཐར་འཕེན་པ་ལ་ཕྱོགས་པ་ན། ཕྱོགས་དེའི་ཆོས་སྡེའི་གྲྭ་བ་སོགས་འགས་ཇི་ལྟར་བྱེད་དམ་ཟེར་ཅོ་འདྲི་བའི་རྣམ་པས་ལྟད་མོ་ལ་བྱུང་བའི་ཚེ། མདོས་ལ་རྗེ་ཉིད་ཀྱི་ཕྱག་རེག་པ་ཙམ་གྱིས་དེའི་ཁྲོད་ནས་མེ་ཕྲུ་བ་འབྲིང་ཙམ་ཞིག་ནར་