R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༤༦བ
[A:༤༦བ] སྤྲེའུའི་ལོ་ལ་དཔལ་རྡོ་རྗེ་གདན་གྱི་གཙུག་ལག་ཁང་བཏབ། དགེ་འདུན་གྱི་སྡེ་བཙུགས། བར་ཆད་ཀྱི་མཚན་མ་ཙམ་ཡང་མེད་པར་གྲུབ། དགུང་ལོ་སུམ་ཅུ་རྩ་ལྔ་པ་མེ་ཕོ་ཁྱིའི་ལོ་ལ་གདན་ས་ཆེན་པོ་དཔལ་ལྡན་ས་སྐྱར་ཕེབས་པས། ས་སྐྱ་པའི་བསྟན་འཛིན་ཡིན་པས་ཟེར་ནས། གདུང་རྒྱུད་ཞལ་ངོ་ཕེབས་པ་ལྟ་བུའི་བསུ་བ། སེར་འཕྲེང་། རོལ་ཆ་བཀྲ་ཤིས་ཁྲ་རིང་སྐྱོང་བ་སོགས་ཀྱི་བཀུར་བསྟི་མཐའ་ཡས་པ་བྱུང་། ཡབ་གཞིས་རྙིང་མར་ཕེབས་པ་ལྟ་བུའི་ཐུགས་དགྱེས་ཚོར་མཛད། བདག་པོའི་དྲུང་གིས་གཞི་ལེན་ཡང་དག་དང་། བླ་བྲང་སོ་སོའི་མཁན་པོ། བརྒྱ་ཚོ་དཔོན་རྣམས་ཀྱིས་རྙེད་བཀུར་ཕུན་སུམ་ཚོགས་པ་མཛད། དབུ་རྩེ་གསར་རྙིང་གིས་གཙོ་བྱས་པའི་ལྷ་ཁང་གཟིམ་ཁང་ཐམས་ཅད་དུ་ཕེབས། རྟེན་གསུམ་རྣམས་ལ་ན་བཟའ་སྙན་དར་འབུལ་བ་སོགས་དང་། སྒོ་རུམ་དུ་ཆོས་སྐྱོང་ལ་བསྐང་གསོ་མཛད་པས་བསེ་མགོན་ཆེན་པོ་སྐུ་ཡོངས་རྫོགས་སུ་གཟིགས་ནས་ཐུགས་