R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༤༢བ
[A:༤༢བ] བོད་འདིར་ཞང་སྣ་ནམ་རྡོ་རྗེ་བདུད་འཇོམས་སུ་སྐུ་སྐྱེ་བ་བཞེས་པར་རྡོ་རྗེ་བདུད་འཇོམས་ཀྱི་རྣམ་ཐར་ལས་གསལ་ཞིང་། དེ་ཉིད་ཞིང་འདིར་རྗེ་འདི་ཉིད་དུ་གྱུར་པར་ཨུ་རྒྱན་རིན་པོ་ཆེས། ད་ལྟའི་དུས་ཀྱི་རྡོ་རྗེ་བདུད་འཇོམས་ནི། །མ་འོངས་ཚེ་ལོ་ལྔ་བཅུ་ཁ་རལ་དུས། །དབུས་གཙང་མཚམས་སུ་སྡེ་དཔོན་ཚུལ་བཟུང་ནས། །ཀུན་དགའི་མིང་ཅན་རྡོ་རྗེ་འཛིན་པར་འགྱུར། །ཞེས་ལུང་བསྟན་ཅིང་། དེ་ཉིད་རྡོ་རྗེ་ཕུར་པའི་གྲུབ་ཐོབ་ཏུ་ངེས་པ་ལས་དེ་དང་མཐུན་པར་འདྲེན་པ་འདིས་ཕུར་པའི་གྲུབ་རྟགས་དངོས་སུ་བཞག་ཅིང་། དེའི་ཕྱག་ལེན་དབུས་གཙང་ཁམས་སོགས་སུ་དར་ཞིང་རྒྱས་པར་མཛད་པས་སོ། །ཡང་བར་སྐབས་སུ། བླ་མ་གནམ་ཁའུ་པའི་སྐུའི་སྤྲུལ་པར་ཡང་གྲགས་ཏེ། སྡོམ་བརྩོན་རྡོ་རྗེ་འཛིན་པ་ཆེན་པོ་མུས་པ་རྣམ་རྒྱལ་བཟང་པོ་ཞེས་བྱ་བ་སྔར་ནས་ཡི་དམ་ཆོས་སྐྱོང་ལ་བསྙེན་སྒྲུབ་ཚད་དུ་འཁྱོལ་བའི་སྔགས་འཆང་ཆེན་པོར་གྱུར་ཀྱང་། སླད་ནས་གཉན་མགོན་ཞལ་བཞི་པའི་སྒྲུབ་སྐོར་ལ་ཆེད་དུ་ཐུགས་འདུན་པས།