R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༩བ
[A:༡༩བ] ཡིན་ཏེ། དེ་ཡང་མུས་ཆེན་སངས་རྒྱས་རིན་ཆེན་ཨེ་ཝྃ་གདན་སར་ཕེབས་ནས། རྗེ་ཡོངས་འཛིན་ཉིད་གཟིམ་ཁང་ཐར་བ་རྩེར་སྐུ་མཚམས་ལ་བཞུགས་དུས་ཚེས་བརྒྱད་གཅིག་གི་ཉིན་ཡོངས་འཛིན་གྱི་གསུང་ལས། ལྷ་མཆོག་སེང་གེ་ཆོས་རྗེ་སངས་རྒྱས་རིན་ཆེན་པས་ཁྲི་ཐོག་མཛད་པའི་ཉིན་མན་ནས། ཚོགས་དུང་འདི་ལ་སྐད་སྔར་དང་གཏན་ནས་མི་འདྲ་བ་རང་ཞིག་བྱུང་བས་ཉོན་གསུངས་ནས་གསན་པས། སྐད་འཛེར་འཛེར་རང་གི་སྐད་དུང་གཉིས་སྦྲགས་ནས་བུས་པའི་དབྱིབས་ཤིག་བྱུང་། གཞན་ལ་རྩད་བཅད་པས་ཀྱང་། དེ་བཞིན་རང་འདུག་ཟེར། འདི་ལྟར་འདུག་ལགས་ཞུས་པས། ཁྱོད་ད་ལྟ་རང་སོང་ལ་ཆོས་རྗེ་སངས་རྒྱས་རིན་ཆེན་པ་ལ་ཁྱེད་ཀྱིས་དཔལ་མགོན་ཞལ་བཞི་པའི་རྗེས་གནང་སུ་ལ་ཐོབ་དྲིས་ཤོག་གསུངས་ནས། རྗེ་ཚོགས་ན་བཞུགས་པའི་སྙན་དུ་ཕུལ་བས། སྔོན་ས་སྐྱར་ཆོས་དབར་ལ་ཕྱིན་དུས་གནམ་ཁ་འུབ་པའི་གདུང་བརྒྱུད་ལ་ཡང་ཞུས། ཕྱིས་འབྲས་ཡུལ་དུ་ཆོས་རྗེ་དྲུང་བཙུན་པ་ལ་ཐོབ་།