R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༣བ
[A:༡༣བ] ས་སྐྱའི་བསྟན་སྲུང་དབང་པོ་རྣམས་ཀྱི་ཆོ་འཕྲུལ་སྤྲིན་ནག་པོ་འཇིགས་སུ་རུང་བ་དཔག་ཏུ་མེད་པ་གློ་བུར་དུ་ནམ་མཁའ་ལ་འདུས། སྐྱིད་འཕན་གཉིས་ཆར་དུ་ཚོར་བའི་འབྲུག་གི་སྒྲ་ཤིན་ཏུ་དྲག་པ། གློག་གི་འོད་དྲག་པོ་འཁྱུག་པ་དང་བཅས་པའི་དུས། རྦོད་གཏོང་བྱེད་པའི་བྱད་མ་དེའི་མགོ་ལ་གནམ་ལྕགས་ཀྱི་ཐོག་ཆེན་པོ་མི་ཟད་པ་ཕབ་སྟེ། ལས་ངན་གྱི་སྦྱོར་བ་བྱེད་པའི་ལུས་དང་ཕྲལ་ནས་སེམས་ཉིད་དག་པའི་ཞིང་དུ་སྐད་ཅིག་ཉིད་ལ་སྤོར་བར་མཛད་དོ། །དེ་ནས་དེའི་འཁོར་དུ་གཏོགས་པའི་མི་དང་མི་མ་ཡིན་ཐམས་ཅད་ནི་བསམ་པ་མ་གྲུབ་པའི་མྱ་ངན་གྱིས་ནོན་ཞིང་འགྱོད་པ་དང་བཅས་པའི་ངུད་མོའི་སྒྲ་ཆེན་པོས་ཕྱོགས་དེ་ཐམས་ཅད་ཁྱབ་པར་བྱས་སོ། །ཡང་མུས་ཆེན་སེམས་དཔའ་ཆེན་པོའི་ལུང་བསྟན་བཞིན་རྗེ་འདིའི་ཁམས་ཕྱོགས་ལ་ཕེབས་པའི་ཚེ། སྔོན་གཅེན་རིན་པོ་ཆེ་བདག་ཆེན་རྒྱ་གར་བས་བཏབ་པའི་དགོན་པ་དོན་གྲུབ་གླིང་ཞེས་བྱ་བར་སྤྱན་དྲངས་ཏེ་ཕེབས་པ་ན། དུས་ཕྱིས་ས་ཕྱོགས་དེར་ས་སྐྱ་།