R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༢༡ན
[A:༢༡ན]མཚམས་ནས། གཟའ་དང་སྐར་མ་བྱུང་ནས་བར་སྣང་ལ་སོང་བར་གྲག་གོ །དེར་ལྷ་མོ་ཨུ་མ་དེ་ཝ་ལ་བུ་ཚ་མིང་སྲིང་གཉིས་སྐྱེས་པའི། མིང་པོ་ལ་གཤིན་རྗེ་མཧཱ་ཀཱ་ལ་ཞེས་བཏགས་ཏེ། མདོག་ནག་ཅིང་བཞིན་མི་སྡུག་པ་ཤིན་ཏུ་གཏུམ་ཞིང་གཟི་བརྗིད་འབར་བས་ནག་པོ་དྲག་པོ་ཞེས་ཀྱང་གྲགས་སོ། །སྲིང་མོ་ལ་མདོག་ནག་ཅིང་ཁྲོས་པས་མཧཱ་ཀ་ལི་ཞེས་སམ། ཙ་མུནྟྲི་ཏེ་རྒན་བྱེད་མར་གྲགས། དཔལ་ལྷ་མོ་ཞེས་ཀྱང་བཏགས་སོ། །ནག་པོ་ཆེན་པོ་ལ་ཕས་གྲི་གུག་ལག་ཆར་བྱིན། མས་ཐོད་པ་འཐུང་སྣོད་དུ་བྱིན་ཏེ། མིང་སྲིང་གཉིས་ཆོས་བཟང་ལྷའི་འདུན་སར་སྤྱན་དྲངས་ནས་ལྷ་མང་པོས་ཕྱག་བྱས། ལྷའི་དབང་པོས་རྣམ་པར་རྒྱལ་བའི་ཁང་བཟང་དུ་མཆོད་པ་བྱས། ལྷའི་དམག་དཔོན་ཉི་ཤུ་རྩ་བརྒྱད་ཀྱིས་ཚལ་ཆེན་པོ་བཞིར་མཆོད་པ་བྱས། དཔག་བསམ་ཤིང་གི་རྩ་བ་དང་།