R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༢༡བ
[A:༢༡བ] རྡོ་ཨ་མོ་ལི་ཀའི་ཁར་ཡང་ལྷའི་བུ་བྱེ་བ་ཁྲག་ཁྲིག་གིས་མཆོད་པ་བྱས། ཆོས་བཟང་ལྷའི་འདུན་སར་ལྷ་རྣམས་ཀྱི་དམག་དཔོན་དུ་མངའ་གསོལ། དཔལ་ཕྱག་ན་རྡོ་རྗེས་བདུད་ལས་རྣམ་པར་རྒྱལ་བའི་དབང་བསྐུར་ཏེ། སངས་རྒྱས་ཀྱི་བསྟན་པ་སྲུང་བར་བཀའ་བསྒོས་ཤིང་དམ་ལ་བཏགས་སོ། །དེ་ནས་སྐར་མ་རྒྱལ་གྱི་ཉིན་བར་ཉི་མ་བྱང་ཕྱོགས་ཀྱི་གནོད་སྦྱིན་ཆེན་པོ་བརྒྱད་ནི་ཁྱུང་ཆེན་དང་ལྕགས་ཀྱི་བྱ་ཁྲར་སྤྲུལ། བཙན་དང་དྲི་ཟའི་ཚོགས་ནི་སྐྱེས་པ་སྟག་ཆས་ཅན་གྱི་ཚོགས་སུ་སྤྲུལ། གཟའ་རྒོད་དང་སྲོག་བདག་རྒྱལ་པོའི་ཚོགས་ནི་སྔགས་ནག་དང་དགྲ་བཅོམ་དུ་སྤྲུལ། ཡ་བདུད་དང་མ་བདུད་ཀྱི་ཚོགས་ནི་བདུད་དམག་ཁྲི་ཆིག་སྟོང་དུ་སྤྲུལ། དེ་ལྟར་ལྷ་མ་སྲིན་སྡེ་བརྒྱད་ཀྱི་དམག་ཚོགས་བྱེ་བ་དུང་ཕྱུར་དང་བཅས་པའི་འཁོར་གྱིས་བསྐོར་ནས་མིང་སྲིང་གཉིས་ཀྱིས་ལྷ་རྣམས་ཀྱི་དམག་དཔོན་བྱས་ཏེ། ལྷ་མ་ཡིན་དང་གཡུལ་བཀྱེ་ནས་འཐབ་པའི་ཚེ།