R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༢༠ན
[A:༢༠ན]དམག་བྱེ་བ་དུང་ཕྱུར་གྱིས་གོ་མཚོན་ཐོགས་ཏེ་དཔུང་གིས་མཐའ་བརྟེན། གླང་པོ་ཆེའི་སྣ་ལ་སྤུ་གྲི་བཏགས་ནས་ལྷ་དང་ལྷ་མ་ཡིན་གཡུལ་བཀྱེ་ཞིང་ཕན་ཚུན་མཚོན་བརྒྱབ་པས། ལྷ་མ་ཡིན་གྱི་ཁྲག་བོ་བ་རྣམས་བདུད་དམག་ཁྲི་ཙམ་དུ་འཕེལ། ལྷ་མ་ཡིན་གྱིས་མཚོན་བརྒྱབ་པའི་ལྷའི་ཁྲག་ལས་དམག་མ་འཕེལ་བར་ཤིའོ། །དེར་ལྷ་ཐམས་ཅད་ནི་ཕམ། ལྷ་མ་ཡིན་རྣམས་རབ་ཏུ་རྒྱལ་བའི་དུས་ན། དཔལ་ཕྱག་ན་རྡོ་རྗེས་ལྷ་རྣམས་རབ་ཏུ་རྒྱལ་བའི་ཕྱིར་ཐུགས་ཀ་ནས་ཧཱུྃ་ཡིག་མཐིང་ནག་འབར་པ་ཞིག་སྤྲུལ་ཏེ། ལྷ་བིཥྞུ་རཱ་ཛའི་དཔྲལ་བའི་དབུས་སུ་ཐིམ་པས་ལྕགས་ཀྱི་མཛེར་པ་ཆེན་པོ་གཅིག་ཏུ་གྱུར། མཛེར་པ་དེ་བརྡོལ་བའི་ནང་ནས་བུད་མེད་སྔོ་སངས་མ་མཚན་དང་དཔེ་བྱད་དུ་ལྡན་པ་དབུ་སྐྲ་བཻཌཱུརྻའི་ཆུན་འཕྱང་གཡོན་དུ་འཕྱང་བ། མིག་ཨུཏྤལའི་འདབ་མ་འདྲ་བ་མཛེས་ཤིང་