R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༤༧བ
[A:༡༤༧བ]དེ་ལྟར་དུ་གསོལ་བས། ཆོས་སྐྱོང་གཞན་རྣམས་རྒྱ་གར་དུ་གཤེགས་ཏེ། དེའི་རྟགས་སུ་མི་མང་པོའི་མཐོང་སྣང་ལ། བྱ་རོག་བསམ་གྱིས་མི་ཁྱབ་པ་བྱུང་ནས་གཏོར་མ་ཟོས་ཏེ་ཐམས་ཅད་རྒྱ་གར་གྱི་ཕྱོགས་སུ་འཕུར་ནས་སོང་བ་མཐོང་བ་དང་། མི་ཁ་ཅིག་གིས་ཐུག་བཅོམ་དང་འུར་སྒྲ་ཆེན་པོ་ཐོས་པ་བྱུང་། དེ་དུས་ཆོས་སྐྱོང་འདིའི་གསུང་གིས། ང་རི་སུལ་གྱི་རྣལ་འབྱོར་མས་ཁྱོད་ཀྱི་གཡོག་ལ་བརྫངས་པ་དེ་བོར་ནས་ཕྱིན་ན་བླ་མའི་དམ་ཚིག་དང་འགལ་བས་མི་འགྲོ་ཟེར་ཏེ་ལོག་མ་འདོད་པས། ཆོས་སྐྱོང་གཞན་ལས་ཀྱང་བླ་མའི་དམ་ཚིག་ལ་རྩི་བས། དམ་ཚིག་གི་མགོན་པོ་ཟེར་བའི་རྒྱུ་མཚན་ཡང་དེ་ཡིན་པར་སྣང་། དེ་ནས་དུས་རིང་ཞིག་ལོན་པ་ན། བླ་མ་གཉན་ལོ་སྐུ་མྱ་ངན་ལས་འདའ་ཁར། ཆོས་སྐྱོང་གི་རྣམ་འཕྲུལ་བན་ཆུང་དེ་ལ། ང་མྱ་ངན་ལས་འདའ་བར་འདུག་པས། ཁའུའི་བྲག་རྫོང་ན་ངེད་ཀྱི་བུའི་མཆོག་བླ་མ་གནམ་ཁའུ་པ་ཆོས་ཀྱི་རྒྱལ་མཚན་ཞེས་བྱ་བ་