R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༤༤བ
[A:༡༤༤བ]སྦྱོར་བ་ཡན་ལག་དྲུག་པ། སྒྲོལ་མའི་སྒྲུབ་ཐབས། ཆོས་སྐྱོང་འདིའི་གདམས་པ་མ་ལུས་པར་གནང་ཞིང་། ལྷག་པར་ཆོས་སྐྱོང་གི་དབང་གི་དུས་སུ་བྲམ་ཟེ་ཁྱོད་ཀྱིས་ཁོའི་གཡོག་གྱིས་ཤིག ཁོས་ཅི་བསྒོ་བ་བཞིན་འཕྲིན་ལས་རྣམ་པ་བཞི་འབད་མེད་དུ་བསྒྲུབ་པར་བྱ་དགོས་སོ། །ཞེས་བཀའ་བསྒོས་ནས་དངོས་སུ་གནང་བ་དེ་ནི་ཆོས་སྐྱོང་ཡིད་བཞིན་གྱི་ནོར་བུ་ལྟ་བུ་ཉིད་ཡིན་པས། བྱིན་རླབས་ཀྱི་བརྒྱུད་པ་བར་མ་ཆད་པས་བསྒྲུབ་ཐག་ཉེ་བའི་མན་ངག་དམ་པ་ཤིན་ཏུ་རྩིས་ཆེ་བ་འདི་ཡིན་ནོ། །དེ་ནས་བླ་མ་གཉན་ལོ་ཙཱ་བ་དེ་ཉིད་ཀྱིས་རྒྱ་གར་ཁ་ཆེ་ཁྲི་གདན་ནས་པུ་ཧྲངས་སུ་བྱོན་པའི་ཚེ། བལ་ཡུལ་ཕན་ཆད་བྲམ་ཟེ་དང་དངོས་སུ་འགྲོགས་ཤིང་། ཁྲེས་པོ་འཁུར་བ་སོགས་གཡོག་གང་དགོས་བྲམ་ཟེས་བྱས། དེ་ནས་ཆོས་སྐྱོང་རང་གི་གསུང་ལས། ད་ཕྱིན་ཆད་ངེད་ཀྱི་གཟུགས་རྒྱུན་པར་དངོས་སུ་མི་སྣང་བར་བྱེད། ནམ་དགོས་དུས་དངོས་སུ་འོང་། དུས་རྟག་ཏུ་བན་ཆུང་གི་གཟུགས་སུ་སྤྲུལ་ན།