R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༤༣བ
[A:༡༤༣བ]ཕ་གི་ན་བྲམ་ཟེ་མདོག་སྔོ་བ་མི་རྐང་གི་གླིང་བུ་བཟུང་བ་གཅིག་ཡོད་པས་དེ་དང་འགྲོགས་ལ་ཅི་ཟ་ཅི་འཐུང་གི་ཁ་ནས་བྱིན། ཅི་འབྱོར་པའི་མཆོད་པ་དང་བསྙེན་བཀུར་གྱིས་ཤིག་ངས་བར་ཆད་མི་འབྱུང་བར་བྱིན་གྱིས་རློབ་བོ་གསུངས། དེ་བཞིན་བྱས་པས་ལོ་གཅིག་སོང་ནས། ད་ངས་ལྷ་ལ་གནང་བ་ཐོབ་པས་དབང་བྱ་ཡི་ཚོགས་ཀྱི་ཡོ་བྱད་ཚོལ་ཅིག་གསུངས། གསེར་ཞོ་གང་ལ་འབྲས་ཁལ་བཅུ་གསུམ་བླངས་ནས་ཆང་བྱས། ཞོ་གང་ལ་ཤ་དང་། ཞོ་གང་ལ་སྤོས་ལ་སོགས་པ་གཞན་དགོས་པའི་ཡོ་བྱད་རྣམས་བསྒྲུབས་ནས་ཁྱེར་ཏེ། རྣལ་འབྱོར་མའི་དྲུང་དུ་ཕྱིན་ནས་ཚོགས་རྫས་རྣམས་ཕུལ། གདན་མང་པོ་ཡང་ཚང་འདུག་པ་དང་། རྣལ་འབྱོར་མའི་ཞལ་ནས། མགྲོན་སྤྱན་དྲོངས་གསུངས་པ་ལ། བདག་གིས་མི་རྙེད་ཞུས་པས། འོ་ན་ཁ་སང་གི་གྲོགས་པོ་བྲམ་ཟེ་དེ་བོས་གསུངས་ནས་བོས་པས། བྲམ་ཟེས་སྐྲ་གསེབ་ནས་མི་རྐང་གི་གླིང་བུ་ཕྱུང་སྟེ་བུས་མ་ཐག ཕྱོགས་བཞི་མཚམས་བརྒྱད་ནས་